ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་མིའི་བཟོས་རིག་ནུས་དེ་རྒྱལ་ཁབ་ཀྱི་མ་འོངས་པར་འབྲེལ་བ་ཡོད་པ་ནན་བཤད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་དགུའི་ཉིན་མའོ་སི་ཁི་ནས་མིའི་བཟོས་རིག་གནས་ཀྱི་འགྲུལ་བཞུད་ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་དང་པོར་ཞུགས་སྐབས་བསྟན་དོན། མིའི་བཟོས་རིག་ནུས་ལ་སྦས་ཤུགས་ཆེན་པོ་ཡོད་ཅིང་། སུས་དེ་ཁོང་དུ་ཆུད་ན་དེར་གཞན་དང་མི་འདྲ་བའི་འཕེལ་རྒྱས་ཆེན་པོ་བྱུང་སྟེ། འགྲན་རྩོད་ཀྱི་ཁྱད་སྟོབས་ཆེན་པོ་ཐོབ་སྲིད། དེ་བས་མིའི་བཟོས་རིག་ནུས་དེ་རྒྱལ་ཁབ་ཀྱི་མ་འོངས་པར་འབྲེལ་བ་ཡོད་པ་དང་། ཨུ་རུ་སིའི་ལས་རིགས་སོ་སོས་མིའི་བཟོས་རིག་ནུས་ཀྱི་གསར་སྤེལ་བེད་སྤྱོད་བྱ་བར་སྐུལ་འདེད་གཏོང་དགོས་ཟེར། 

ཕུའུ་ཅིན་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་སྐབས་བསྟན་དོན། མིའི་བཟོས་རིག་ནུས་ཀྱི་གསར་སྤེལ་སྒུལ་ཤུགས་ནི་གཞི་གྲངས་དང་ཆ་འཕྲིན་མང་བོ་ཡིན་ཞིང་། གཞི་གྲངས་དང་ཆ་འཕྲིན་དེ་དག་གི་རྒྱུ་སྤུས་ཇི་ལྟར་མཐོ་ན། མིའི་བཟོས་རིག་ནུས་བེད་སྤྱོད་བྱེད་པའི་རྩིས་བྱེད་ཐབས་ལམ་སྔར་ལས་ནུས་ལྡན་དུ་འགྱུར་སྲིད་ལ། དེས་བརྩིས་པའི་མཇུག་འབྲས་ཀྱང་ལྷག་ཏུ་ཡང་དག་ཡིན། དེར་བརྟེན་ཨུ་རུ་སིའི་འབྲེལ་ཡོད་ཕྱོགས་ཀྱིས་མིའི་བཟོས་རིག་ནུས་གསར་སྤེལ་མཁན་ལ་གཞི་གྲངས་དང་ཆ་འཕྲིན་འདང་ཚིམས་པ་ཐོབ་པའི་ཐད་ཀྱི་བཀག་རྒྱ་མེད་པར་གཏོང་དགོས་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སི་ཡིས་ད་རུང་ཤུགས་ཆེན་པོས་མིའི་བཟོས་རིག་ནུས་གསར་སྤེལ་ལ་མཁོ་བའི་རིམ་སྒྲིག་མི་སྣ་དང་། གྲངས་རིག་དང་རྩིས་འཁོར་གྱི་སྐད་བརྡ་རིག་པའི་ཆེད་ལས་མི་སྣ། གཞི་གྲངས་ཐག་གཅོད་དང་སློབ་སྦྱོང་ཁྱབ་ཁོངས་ཀྱི་ཆེད་མཁས་པ་སོགས་གསོ་སྐྱོང་བྱས་ཏེ། མཇུག་མཐར་དཔལ་འབྱོར་དང་ཚོང་དོན། སློབ་གསོ། འཕྲོད་བསྟེན། ཁྲིམས་འཛིན། ཁྱབ་ཁོངས་གཞན་པའི་ལས་གཉེར་མི་སྣ་ཚང་མས་དེ་དང་འབྲེལ་བའི་མིའི་བཟོས་རིག་ནུས་ལག་རྩལ་བེད་སྤྱོད་བྱས་ཏེ། ཐོན་སྐྱེད་དང་དོ་དམ་གྱི་ལས་རིམ་གསར་བ་འཛུགས་སྐྲུན་བྱ་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།