ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་སི་རི་ཡཱའི་ཆབ་སྲིད་འཕེལ་རིམ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། སི་རི་ཡཱའི་ཆབ་སྲིད་འགྲིག་མཐུན་འཕེལ་རིམ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་ཨེ་མེ་ནི་ཡཱའི་འཕྲིན་གཏོང་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་སི་ཐཱ་ནཱའི་འཕེལ་རིམ་གྱི་ཁག་ཁུར་རྒྱལ་ཁབ་གསུམ་གྱི་འབད་བརྩོན་ལ་བརྟེན་ནས། སི་རི་ཡཱའི་ཆབ་སྲིད་འགྲིག་མཐུན་འཕེལ་རིམ་ལ་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཟེར། ཁོས་ད་རུང་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་ཡིས་བཀོད་པའི་བཟོད་སྒོམ་བརྗེད་ཐོ་ནི་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་སླར་གསོ་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་ཨེ་མེ་ནི་ཡཱ་ཡིས་སི་རི་ཡཱ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་ཀྱི་བྱས་རྗེས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་བཤད་རྒྱུར། ཨེ་མེ་ནི་ཡཱ་ཡིས་ས་འོག་འགད་རྫས་གཙང་སེལ་བྱེད་པའི་བྱ་བར་འབད་བརྩོན་བྱས་ཏེ། སྨན་བཅོས་རོགས་སྐྱོར་འདོན་སྤྲོད་བྱས། ཁོས་བལྟས་ན་ཨུ་རུ་སི་དང་ཨེ་མེ་ནི་ཡཱ་ཡིས་མུ་མཐུད་དུ་མཉམ་འབྲེལ་བྱས་ཏེ་སི་རི་ཡཱ་ནས་མི་ཆོས་རིང་ལུགས་ཀྱི་བྱ་འགུལ་སྔར་ལས་མང་བོ་སྤེལ་དགོས་པར་འདོད་ཡོད་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གཉིས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་གཉིས་ཉིན་ཨུ་རུ་སིའི་སོ་ཆི་ནས་གྲོས་མོལ་བྱས་པ་དང་། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་ཁུའུ་ཨར་ཏི་དྲག་ཆས་པར་དམིགས་པའི་དམག་དོན་འགུལ་སྐྱོད་མཚམས་འཇོག་པའི་ཐད་ཀྱི་བཟོད་སྒོམ་བརྗེད་ཐོ་བཀོད། ཕྱོགས་གཉིས་ཀྱིས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ཀྱི་སི་རི་ཡཱའི་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་ནང་བདེ་འཇགས་ས་ཁུལ་འཛུགས་པར་ཐུན་མོང་གི་ལྟ་ཚུལ་བྱུང་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།