མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཀྲུང་གོའི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོ་དེ་མཉམ་འབྲེལ་རྒྱལ་ཚོགས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོ་འཇོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཚེས་བརྒྱད་ཉིན་ཀྲུང་གོའི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོ་དེ་མཉམ་འབྲེལ་རྒྱལ་ཚོགས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོ་འཇོག་བྱས་ཏེ། འགན་ཡུན་མཇུག་སྒྲིལ་ལ་ཉེ་བའི་རྒྱ་གར་གྱི་རྩིས་བཤེར་དཔོན་པོའི་ཚབ་ཏུ་མཉམ་འབྲེལ་རྒྱལ་ཚོགས་རྩིས་བཤེར་ཨུ་ཡོན་ལྷན་ཁང་དུ་ལས་འགན་ཁུར་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་བཞི་བས་ཚེས་བརྒྱད་ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་ཉེར་དགུ་བ་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་འཛིན་དང་སྔོན་རྩིས་ལས་དོན་གྱི་འགན་ཁུར་བའི་ཨུ་ཡོན་ལྷན་ཁང་ལྔ་བས་མཚམས་སྦྱོར་བྱས་པ་ལྟར། ཀྲུང་གོའི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོ་ཧུའུ་ཙེ་ཅོན་མཉམ་འབྲེལ་རྒྱལ་ཚོགས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོ་འཇོག་བྱས་པ་དང་། འགན་ཡུན་ནི་ཉིས་སྟོང་ཉི་ཤུ་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ལོ་ངོ་དྲུག་ཡིན་པ་རེད། གལ་ཏེ་ལོ་དྲུག་གི་དུས་ཡུན་ནང་དུ་ཀྲུང་གོའི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོ་བརྗེ་སྤོར་བྱས་ན་ལས་འགན་དེ་རྩིས་བཤེར་དཔོན་པོ་གསར་བས་ཁུར་རྒྱུ་རེད། 

ཀྲུང་གོ་དང་ཧན་གོ། ཧྥེ་ལེ་པེན་བཅས་ཀྱིས་དེའི་སྔོན་སོ་སོར་རང་རང་གི་རྩིས་བཤེར་དཔོན་པོ་དེ་མཉམ་འབྲེལ་རྒྱལ་ཚོགས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་མིང་འདོན་བྱས། ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨུ་ཡོན་ལྷན་ལྔ་བས་སྐོར་ཐེངས་གཉིས་ཀྱི་མིང་མི་འགོད་པར་འདེམ་ཤོག་འཕེན་པའི་བྱེད་ཐབས་ལ་བརྟེན་ནས། མཉམ་འབྲེལ་རྒྱལ་ཚོགས་ལ་ཀྲུང་གོའི་རྩིས་བཤེར་ཁང་གི་རྩིས་བཤེར་དཔོན་པོ་དེ་མཉམ་འབྲེལ་རྒྱལ་ཚོགས་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་མཚམས་སྦྱོར་བྱེད་རྒྱུ་ཐག་བཅད་པ་རེད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།