ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པས་འཐབ་འཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་ཚེས་བརྒྱད་ཉིན་འཐབ་འཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་འཐབ་འཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་མདུན་ལྗོངས་ལ་སེམས་ཁུར་བྱེད་བཞིན་ཡོད་པ་དང་། ཆིངས་ཡིག་དེ་ཉིས་སྟོང་ཉེར་གཅིག་ལོའི་ཟླ་གཉིས་པར་ནུས་མེད་དུ་འགྲོ་སྲིད། དེ་ནི་མིག་སྔར་ཨུ་རུ་སི་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་མཚོན་ཆའི་ཚོད་འཛིན་ཐད་ཀྱི་ཆེས་མཇུག་མཐའི་བྱེད་ཐབས་ཡིན་པ་རེད་ཟེར། 

ལི་ཡཱ་པུའུ་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་འཐབ་འཇུས་མཚོན་ཆ་ཇེ་ཉུང་དུ་གཏོང་བའི་ཆིངས་ཡིག་གི་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བའི་ཐད་འབད་བརྩོན་བྱེད་འདོད་ཡོད་པའི་ཚུལ་བསྟན་མྱོང་། མིག་སྔའི་གནས་ཚུལ་འོག ཆིངས་ཡིག་དེའི་ལག་བསྟར་བྱེད་ཡུན་ཇེ་རིང་དུ་བཏང་ན་འཐབ་ཇུས་གཏན་འཇགས་ཁྱབ་ཁོངས་ཀྱི་ཚད་བརྒལ་བྱ་སྤྱོད་སྔོན་འགོག་བྱེད་ཐུབ་པ་དང་། ཉིང་རྡུལ་ནུས་པའི་མཚོན་ཆའི་ཁྱབ་ཁོངས་ཀྱི་དོ་དམ་ཚོད་འཛིན་རྐྱེན་ལ་གཏོར་བརླག་ཐེབས་པར་སྔོན་འགོག་ཐུབ་ལ། མཚོན་ཆ་གསར་བའི་ལག་རྩལ་གྱི་ཚོད་འཛིན་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར། 

ཁོས་ད་རུང་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཨ་མེ་རི་ཁས་ཐེངས་མང་བོར་གནད་དོན་དེ་གླེང་ཡང་། ངོ་བོ་རང་བཞིན་ལྡན་པའི་གྲོས་མོལ་གང་རུང་ལ་གཞོལ་ཅི་ཐུབ་བྱས། དེ་ལས་གཞན་ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་ཆིངས་ཡིག་ལག་བསྟར་བྱེད་པའི་གནས་ཚུལ་ལ་དོགས་པ་ཟ་བཞིན་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཨུ་རུ་སིའི་སེམས་ཁུར་སྣང་མེད་དུ་བསྐྱུར་ནས། ཆིངས་ཡིག་དེའི་ལག་བསྟར་བྱེད་ཡུན་ཇེ་རིང་དུ་གཏོང་བའི་འཆར་གཞི་དང་ལེན་མི་བྱེད་པའི་རྣམ་འགྱུར་གསལ་བོ་བསྟན་ཡོད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།