ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་གཏོང་བའི་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ལས་ཁུངས་དེས་ཉེ་སྔོན་ཨུ་རུ་སིའི་མྱུལ་ཞིབ་ཨུ་ཡོན་ལྷན་ཁང་དང་ནང་སྲིད་པུའུ་བར་རོགས་འདེགས་བྱས་ཏེ། ཨུ་རུ་སིའི་ལྷོ་ནུབ་ཕྱོགས་ཀྱི་ཏཱ་ཅི་སི་ཐན་སྤྱི་མཐུན་རྒྱལ་ཁབ་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མ་དངུལ་གཏོང་བའི་ཚོགས་ཁག་ཅིག་རྩད་ཅོད་པ་དང་། དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་བྱས་ཟེར། 

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཚོགས་ཁག་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་གསང་བའི་འབྲེལ་གཏུག་མཁན་གྱི་བཀའ་གསུང་བཞིན་དུ། དྲ་ཐོག་གི་རྩིས་སྤྲོད་མ་ལག་དང་དངུལ་བྱང་ལ་བརྟེན་ནས། མ་དངུལ་བསྡུ་ལེན་དང་གསོག་འཇོག་བྱེད་བཞིན་ཡོད་པར་མ་ཟད། མ་དངུལ་དེ་སི་རི་ཡཱའི་མངའ་ཁོངས་ཀྱིའཇིགས་སྐུལ་ཉེས་ཅན་གྱིས་བདག་ཏུ་བཟུང་བའི་ས་ཁུལ་དུ་སྐྱེལ་བཞིན་ཡོད། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། དོགས་ཡོད་ཉེས་ཅན་དེ་གཉིས་ཀྱིས་བསྡོམས་པས་མེ་སྒོར་འབུམ་གཅིག་དང་ཁྲི་ལྔ་སྟོང་བདུན་ཙམ་བསྡུ་ལེན་བྱས་པ་དང་། ད་ལྟའི་བར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་མེ་སྒོར་སྟོང་དྲུག་དང་སུམ་བརྒྱ་ཙམ་བསྐྱལ་ཡོད་པ་རེད། 

བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཁྲིམས་འཛིན་མི་སྣས་ཉིན་དེར་འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་གཉིས་པོ་བུད་མེད་ཡིན་པ་དང་། ཁྲིམས་འཛིན་མི་སྣས་ཁོ་མོ་ཚོའི་སྡོད་གནས་སུ་འཛིན་བཟུང་འགུལ་སྐྱོད་ལག་བསྟར་བྱེད་སྐབས་མ་དངུལ་རྩིས་སྤྲོད་བྱས་པའི་དཔང་ཡིག་སོགས་དངོས་རྫས་མང་བོ་རྙེད་ཡོད། ཁྲིམས་འཛིན་ལས་ཁུངས་ཀྱིས་ཚོགས་ཁག་དེར་ཁོངས་མི་གཞན་པ་ག་ཚོད་ཡོད་པ་དང་དོགས་ཡོད་ཉེས་ཅན་གྱིས་བསྡུ་ལེན་བྱས་པའི་མ་དངུལ་གྱི་ཡོང་ཁུངས་ལ་རྟོག་ཞིབ་བྱེད་བཞིན་ཡོད།


རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།