ཀྲུང་གོ་བོད་ཀྱི་དྲ་བ།

ཝུན་ཙེ་ཡུན་གྱིས་རང་དབང་ཉོ་ཚོང་འདུ་ཤེས་ལ་སྲུང་སྐྱོབ་བྱ་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བདུན་ཉིན་ཧྲིག་ཨར་ནས་བསྟན་དོན། རང་དབང་ཉོ་ཚོང་འདུ་ཤེས་ལ་སྲུང་སྐྱོབ་བྱས་ཤིང་། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱ་དགོས་པའི་ཚུལ་བསྟན་པ་དང་། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ལ་གདེང་འཇོག་ཚད་མཐོན་པོ་གནང་། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། གལ་ཏེ་མཇུག་མཐར་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་ཐུབ་པ་བྱུང་ན། རང་དབང་ཉོ་ཚོང་གི་སྒྲིག་ལམ་སླར་གསོ་དང་རྒྱ་བསྐྱེད་པའི་ཐད་ནུས་པ་གལ་ཆེན་འདོན་ཐུབ་པ་དང་། ཧན་གོའི་ཕྱོགས་ཀྱིས་སང་ལོར་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་འགོད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། 

ཉིན་དེའི་ཕྱི་དྲོར། ཝུན་ཙེ་ཡུན་གྱིས་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ནས་ཞིན་ཧྭ་གསར་འགྱུར་ཁང་དང་། ཧན་གོའི་མཉམ་འབྲེལ་འཕྲིན་གཏོང་ཁང་། ཐཱ་སི་གསར་འགྱུར་ཁང་། ཡོ་ནན་འཕྲིན་གཏོང་ཁང་། ཐེ་གོའི་འཕྲིན་གཏོང་ཁང་། ཐུན་མོང་འཕྲིན་གཏོང་ཁང་སོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕྲིན་གཏོང་རྩ་འཛུགས་ཀྱི་ཚང་འཛོམས་གྲོས་ཚོགས་སྐབས་བཅུ་བདུན་པར་ཞུགས་པའི་འཐུས་མིར་ཐུག་འཕྲད་བྱས། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་ཆེས་ཆེ་བའི་རང་དབང་ཉོ་ཚོང་གྲོས་ཆོད་ཡིན་པའི་ཆ་ནས། ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་དེ་ས་ཁོངས་ཀྱིོ་རང་དབང་ཉོ་ཚོང་རྒྱ་བསྐྱེད་པ་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ཡོད་པར་མ་ཟད། སྒོ་འབྱེད་གཉིས་ཕན་གྱི་ཉོ་ཚོང་མ་ལག་འཛུགས་པ་དང་དཔལ་འབྱོར་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཏུའང་འགྱུར་ངེས་རེད་ཟེར། 

ཝུན་ཙེ་ཡུན་གྱིས་ད་རུང་བཤད་རྒྱུར། ཟླ་འདིར་ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོ་མནའ་འབྲེལ་གྱི་དམིགས་བསལ་མཐོ་རིམ་གྲོས་ཚོགས་དང་། ཧན་གོ་དང་མེ་ཀུང་གཙང་བོའི་བཞུར་བརྒྱུད་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཧན་གོའི་ཧྥོ་ཧྲན་ནས་སྤེལ་བ་དང་། མཐོ་རིམ་གྲོས་ཚོགས་ནས་སྔར་ལས་ལྷག་པའི་སྒོ་ནས་ཧན་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ། མེ་ཀུང་གཙང་བོའི་བཞུར་བརྒྱུད་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་འབྲེལ་འདྲིས་དང་མཉམ་ལས་ལ་ཤུགས་སྣོན་བྱེད་པར་གྲོས་བསྡུར་བྱས། དེ་ལས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཐུབ་ཟེར། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ཕྱེད་གླིང་གི་ཞི་བདེ་ནི་ཞི་བདེ་དང་ཐུན་མོང་དར་རྒྱས་ཀྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པའི་མགོ་རྩོམ་ས་ཡིན། ན་ནིང་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚུན་ལ། འཕྲིན་གཏོང་ཁང་ཆེན་མོ་སོ་སོས་དྲིལ་སྒྲོག་བྱས་པ་བརྒྱུད་འཛམ་གླིང་ཡོངས་ཀྱིས་ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ཁྲོད་ཀྱི་ལོ་རྒྱུས་དུས་སྐབས་གལ་ཆེན་དངོས་སུ་མཐོང་ཡོད། ཕྱེད་གླིང་གི་ཞི་བདེའི་འཕེལ་རིམ་ལ་སྔར་བཞིན་དཀའ་ཁག་མང་བོ་ཡོད་ཀྱང་། ཕྱེད་གླིང་དང་ཨེ་ཤ་ཡཱ་ཤར་མ། ཐ་ན་འཛམ་གླིང་བཅས་ཀྱི་ཞི་བདེ་མངོན་འགྱུར་བྱེད་ཆེད། དེ་ནི་ངེས་པར་དུ་རྒྱུན་འཁྱོངས་བྱ་དགོས་པའི་ཐབས་ལམ་ཞིག་ཡིན་ཟེར། 

ཝུན་ཙེ་ཡུན་གྱིས་བསྟན་དོན། ཐེངས་འདིའི་ཨེ་ཤ་ཡཱའི་འཕྲིན་གཏོང་རྩ་འཛུགས་ཀྱི་ཚང་འཛོམས་གྲོས་ཚོགས་ནས་ལག་རྩལ་གསར་བསྒྱུར་དང་སྨྱན་བྱད་ཀྱི་ཡིད་ཆེས་ནུས་པ་སོགས་བརྗོད་སྙིང་ལ་དམིགས་ཏེ་གྲོས་བསྡུར་བྱས་ཤིང་། དེ་ནི་མིག་སྔར་འཛམ་གླིང་ཡོངས་ཀྱི་སྨྱན་བྱད་ཀྱི་མདུན་དུ་ལྷགས་པའི་ཐུན་མོང་གི་གནད་དོན་ཅིག་ཡིན་པས། ཚོགས་ཆེན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་རེ་བ་ཡོད་པ་དང་། ཨེ་ཤ་ཡཱའི་འཕྲིན་གཏོང་རྩ་འཛུགས་ལ་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་ཡང་སྨོན་འདུན་ཞུ་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།