ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ལྷོ་ནུབ་ཕྱོགས་ཀྱི་མུའུ་ཧཱ་གྲོང་ཁྱེར་དུ་འཇབ་རྒོལ་བྱས་ཏེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཉིན་དེར་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་མུའུ་ཧཱ་རུ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་ཟེར། 

མུའུ་ཧཱ་གྲོང་ཁྱེར་དེ་མིག་སྔར་ཡེ་མིན་སྲིད་གཞུང་དམག་དཔུང་གིས་བདག་ཏུ་བཟུང་ཡོད། མིང་བཤད་མི་འདོད་པའི་ཡེ་མིན་བདེ་འཇགས་སྡེ་ཁག་གི་དཔོན་པོ་ཞིག་གིས་གསར་འགོད་པར་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་ཉིན་དེའི་དགོང་མོར་འཕུར་མདའ་བཞི་བཀོལ་ནས་སྲིད་གཞུང་དམག་དཔུང་གི་མུའུ་ཧཱ་གྲོང་ཁྱེར་དུ་ཡོད་པའི་དམག་དོན་དམིགས་འབེན་འགར་དཔུང་འཇུག་བྱས་པ་དང་། དེའི་ནང་འཕུར་མདའ་གཉིས་སྲིད་གཞུང་དམག་དཔུང་གི་འབྲུ་མཛོད་ལ་ཕོག་སྟེ། དམག་མི་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་འགར་རྨས་ཕོག་ཡོད་ཟེར། 

ཁོས་བསྟན་དོན། ཧུའུ་སེ་དྲག་ཆས་པས་ད་རུང་མི་བསྡད་མེད་པའི་གནམ་གྲུ་བཀོལ་ནས་གྲོང་ཁྱེར་ནང་ཁུལ་གྱི་མི་སེར་དཀྱུས་མའི་སྡོད་ཁུལ་དུ་དཔུང་འཇུག་བྱས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཞི་རྐྱེན་ལམ་དུ་ཤོར་ཡོད་ཟེར།
གཞན་ཡང་མུའུ་ཧཱ་གྲོང་ཁྱེར་སྡོད་དམངས་ཀྱིས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། སྲིད་གཞུང་དམག་དཔུང་གི་འབྲུ་མཛོད་ལ་འཇབ་རྒོལ་ཐེབས་རྗེས་མེ་སྐྱོན་ཆེན་པོ་བྱུང་བ་དང་། མེ་གསོད་མི་སྣས་ཡུལ་དངོས་སུ་མེ་གསོད་བཞིན་ཡོད་ཟེར། 

མུའུ་ཧཱ་གྲོང་ཁྱེར་ཡོད་སའི་ཐཱ་དབྱེ་ཙི་ཞིང་ཆེན་གྱི་ས་ཁུལ་མང་ཆེ་བ་ཡེ་མིན་སྲིད་གཞུང་དམག་དཔུང་གིས་བདག་ཏུ་བཟུང་ཡོད་ཀྱང་། ཞིང་ཆེན་དེའི་བྱང་ཕྱོགས་དང་ཤར་ཕྱོགས་ཀྱི་ས་ཁུལ་སྐོར་ཞིག་ཧུའུ་སེ་དྲག་ཆས་པས་བདག་བཟུང་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།