ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་སྡེ་བ་གཉིས་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་བཤད་རྒྱུར། ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་མཱ་སཱ་པུས་ཐི་རྫོང་གི་སྡེ་བ་གཉིས་ལ་ཚེས་ལྔ་ཉིན་གྱི་དགོང་མོར་ཇག་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཉེན་རྟོག་པ་གཉིས་འདུས་ཡོད་ཟེར། 

མཱ་སཱ་པུས་ཐི་རྫོང་གི་ཉེན་རྟོག་དཔོན་པོ་ཨོ་ལུའུ་ཡིས་ཚེས་དྲུག་ཉིན་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་སྡེ་བ་དེ་གཉིས་ཨེ་ཙེ་ཨོ་ཕི་ཡཱ་དང་ཉེ་བའི་མཐའ་མཚམས་ས་ཁུལ་དུ་གནས་པ་དང་། འཇབ་རྒོལ་ལས་ཉེན་རྟོག་པ་གཉིས་དང་བཅས་པའི་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགའ་རང་ཁྱིམ་དང་བྲལ་ནས་ས་ཆ་གཞན་དུ་བྲོས་བྱོལ་བྱས་ཡོད་ཟེར། 

མཱ་སཱ་པུས་ཐི་རྫོང་གི་རྫོང་དཔོན་ཨ་ལིས་ཀྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། དྲག་ཆས་ཇག་པ་ལྔ་བརྒྱ་ལྷག་གིས་མཱ་སཱ་པུས་ཐི་རྫོང་གི་སྡེ་བ་དེ་གཉིས་ལ་འཇབ་རྒོལ་བྱས་པ་དང་། ཁོ་ཚོས་མི་དམར་གསོད་བཏང་རྗེས་ཕྱུགས་ཟོག་བརྒྱད་བརྒྱ་ཙམ་འཕྲོག་སོང་ཟེར། ཁོས་བཤད་རྒྱུར། དམར་གསོད་ཀྱི་བྱ་སྤྱོད་དེ་འདྲ་ངེས་པར་དུ་མཚམས་འཇོག་དགོས་པ་དང་། གནས་ཚུལ་དེ་འདྲའི་རྒྱུན་བསྲིང་བ་གཏན་ནས་མི་རུང་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།