ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེ་ནེ་ཀལ་གྱི་ཞི་བདེ་སྲུང་སྐྱོབ་ཀྱི་བུད་མེད་ཉེན་རྟོག་པར་བྱ་དགའ་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་ལྔ་ཉིན་སེ་ནེ་ཀལ་ནས་ཡོང་བའི་ཏིས་ཝུའུ་ཧྥུའུ་ལ་ཉིས་སྟོང་བཅུ་དགུ་ལོའི་ཕུལ་དུ་བྱུང་བའི་ཞི་བདེ་སྲུང་སྐྱོབ་ཀྱི་བུད་མེད་ཉེན་རྟོག་པའི་བྱ་དགའ་བྱིན་ཏེ། ཁོ་མོས་ཞི་བདེ་སྲུང་སྐྱོབ་ཀྱི་འགུལ་སྐྱོད་ལ་བརྟེན་ནས་བུད་མེད་ལ་དབང་ཆ་སྩོལ་བར་སྐུལ་འདེད་གཏོང་བ་དང་། ཞི་བདེ་སྲུང་སྐྱོབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། བདེ་འཇགས་སྲུང་སྐྱོབ་ལ་ཤུགས་སྣོན་པ། རྒྱུན་མཐུད་ཀྱི་ཞི་བདེ་མངོན་འགྱུར་བྱེད་པ་སོགས་ཀྱི་ཐད་བཞག་པའི་འབུར་ཐོན་བྱས་རྗེས་ལ་གཟེངས་བསྟོད་བྱས། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་ཡིས་ཉིན་དེར་ཉིག་ཡོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་ནས་ཏིས་ཝུའུ་ཧྥུའུ་ལ་བྱ་དགའ་བྱིན་པ་དང་། ཞུ་ཚིག་ཕུལ་ཏེ་ཏིས་ཝུའུ་ཧྥུའུ་ཡི་སྔོན་ཐོན་བྱས་རྗེས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་དང་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱི་ལས་གནས་དང་པོར་ཡོད་པའི་ཉེན་རྟོག་ལས་དོན་མི་སྣ་ཚང་མར་སྐུལ་མ་ཐེབས་སྲིད་ཟེར། 

ལཱ་ཁི་ལུའུ་ཝ་ཡིས་བཤད་རྒྱུར། ཏིས་ཝུའུ་ཧྥུའུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ལ་ཞུགས་པའི་བུད་མེད་ཉེན་རྟོག་པ་སྟོང་གཅིག་དང་བཞི་བརྒྱའི་གྲས་ཡིན་ཞིང་། བུད་མེད་ཉེན་རྟོག་པ་རེ་འགས་སྡོད་ཁུལ་གྱི་ཉེན་དོན་བྱ་བ་དང་གྱོད་དོན་རྩད་གཅོད། མི་སེར་དཀྱུས་མར་སྲུང་སྐྱོབ། སྔོན་འགོག་རང་བཞིན་གྱི་དྲག་ཤུགས་སོགས་ཀྱི་ལས་འགན་གཙོ་བོ་ཁུར་དུ་བླངས་ཡོད། བུད་མེད་ཉེན་རྟོག་པ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཤུ་གཞོག་དང་ལོག་གཡེམ་ལ་ཆམ་ཕབ་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་ལ། ཁོ་མོ་ཚོ་ཟབ་ཞུགས་བྱས་པ་ལས་ཞི་བདེ་སྲུང་སྐྱོབ་མི་སྣ་ཚང་མའི་གནད་དོན་དེའི་ཐད་ཀྱི་མཐོང་ཆེན་བྱས་ཚད་ཇེ་མཐོར་བཏང་ཡོད་ཟེར། 

ཏིས་ཝུའུ་ཧྥུའུ་ཡིས་བསྟན་དོན། ཁོ་མོས་ཡང་འབད་བསྐྱར་འབད་བྱས་ཤིང་། མུ་མཐུད་དུ་དྲག་ཤུགས་སྣ་ཚོགས་དང་། བུད་མེད་དང་བུ་མོ་ཆུང་ཆུང་ལ་དམིགས་པའི་མཐར་ལྷུང་གི་སྣང་ཚུལ། མཐོང་ཆུང་རང་བཞིན་གྱི་གོམས་སྲོལ་དང་ཆོས་ལུགས་ཡུལ་སྲོལ་སོགས་ལ་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་ཧྲིལ་བོའི་ཕུལ་དུ་བྱུང་བའི་ཞི་བདེ་སྲུང་སྐྱོབ་ཀྱི་བུད་མེད་ཉེན་རྟོག་པའི་བྱ་དགའ་ནི་ཉིས་སྟོང་བཅུ་གཅིག་ལོར་བཙུགས་པ་དང་། དམིགས་ཡུལ་ནི་བུད་མེད་ཉེན་རྟོག་པ་དག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་དང་། བུད་མེད་ལ་དབང་ཆ་སྩོལ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བཞག་པའི་ཕུལ་བྱུང་བྱས་རྗེས་ལ་གཟེངས་བསྟོད་བྱེད་པའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།