ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་འགུལ་སྐྱོད་སྤེལ་ཏེ་དྲ་རྒྱའི་དྲག་ཤུགས་ལ་ཆམ་ཕབ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱིས་ཚེས་དྲུག་ཉིན་དྲ་རྒྱའི་དྲག་ཤུགས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཉིན་མོ་ཐེངས་ལྔ་བ་བསུས། ཉིན་དེའི་ཞོགས་པ་ནས་བཟུང་འཇར་མན་གྱིས་ཀྲིག་དགུའི་ཉེན་རྟོག་ཅུའུ་ཡིས་འགུལ་སྐྱོད་སྤེལ་ཏེ། མཉམ་འབྲེལ་དྲ་རྒྱའི་སྟེང་འཁོན་འཛིན་སོགས་ཁྲིམས་འགལ་གྱི་གཏམ་བཤད་སྤེལ་བའི་དོགས་ཡོད་ཉེས་ཅན་གྱི་ཁྱིམ་དུ་སྔོག་བཤེར་བྱེད་པ་དང་འདྲ་གཅོད་བྱེད་པ་སོགས་ཀྱི་འགུལ་སྐྱོད་སྤེལ། 

ཚེས་དྲུག་ཉིན་གྱི་འགུལ་སྐྱོད་དེར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཉེས་དོན་ཉེན་རྟོག་ཅུའུ་ཡིས་མཐུན་སྦྱོར་བྱེད་པའི་འགན་ཁུར་ཡོད། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཉེས་དོན་ཉེན་རྟོག་ཅུའུ་ཡིས་དྲ་ཚིགས་བརྒྱུད་དེ་སྤྱི་སྒྲོག་སྤེལ་ནས། ཀྲིག་དགུའི་ཉེན་རྟོག་ཅུའུ་ཡིས་བསྡོམས་པས་འགུལ་སྐྱོད་ཐེངས་ཉེར་གཅིག་སྤེལ་བ་དང་། དོགས་ཡོད་ཉེས་ཅན་གྱི་ཁྱིམ་དུ་སྔོག་བཤེར་བྱེད་པ་དང་འདྲི་གཅོད་བྱེད་པ་སོགས་འདུས། སྤྱི་སྒྲོག་ལས་བཤད་རྒྱུར། མཉམ་འབྲེལ་དྲ་རྒྱའི་སྟེང་མང་ཚོགས་ཀྱིས་ནག་ཉེས་བཟོ་བར་ངན་སྐུལ་བྱེད་པ་དང་། མི་གཞན་པར་འཇིགས་སྐུལ་བྱེད་པ་སོགས་གྱི་འཁོན་འཛིན་གྱི་གཏམ་བཤད་སྤེལ་བ་ནི་ནོར་འཆུག་ཆུང་ཆུང་ཞིག་མ་ཡིན་ལ། བྱ་སྤྱོད་དེ་དག་ལ་ཆེས་མང་ན་ལོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཕོག་སྲིད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉིས་སྟོང་བཅོ་བརྒྱད་ལོར་འཇར་མན་གྱིས་ཐོ་འགོད་བྱས་པའི་དྲ་རྒྱའི་དྲག་ཤུགས་ནག་ཉེས་ཀྱི་ཁ་གྲངས་སྟོང་གཅིག་དང་དགུ་བརྒྱ་ལྷག་ཡོད་པ་དང་། ཉིས་སྟོང་བཅུ་བདུན་ལོའི་སྟོང་གཉིས་དང་བཞི་བརྒྱ་ལས་ཅུང་ཇེ་ཉུང་དུ་སོང་ཡོད་ཀྱང་། གྲུབ་འབྲས་དེ་ཙམ་ལ་ཡིད་ཚིམས་ནས་སྡོད་མི་རུང་། རྒྱུ་མཚན་ནི་ནག་ཉེས་ཀྱི་ཚད་དུ་བསླེབ་པའི་དྲ་རྒྱའི་གཏམ་བཤད་མང་བོ་ལྟ་རྟོག་དོ་དམ་སྡེ་ཁག་གིས་ཚོར་མེད་པས་རེད་ཟེར། རྒྱལ་ཕྲན་མཉམ་འབྲེལ་གྱི་ཉེས་དོན་ཉེན་རྟོག་ཅུའུ་ཡིས་མང་ཚོགས་ཀྱིས་དྲ་རྒྱའི་དྲག་ཤུགས་བྱ་སྤྱོད་ཞུ་གཏུག་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།