ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་དབྱི་ལིང་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་འགལ་མེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་དུས་རིམ་བཞི་བའི་བྱེད་ཐབས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་སྒྲོག་བྱས་པ་ནི། ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་མི་འགལ་བའི་གནས་ཚུལ་འོག་ཏུ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འོས་འགན་ལག་བསྟར་བྱེད་ཚད་ཇེ་ཉུང་དུ་བཏང་བ་ཡིན་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་གསར་འགོད་པའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། དབྱི་ལིང་ཕྱོགས་ཀྱི་འགུལ་སྐྱོད་གང་ཡིན་ཡང་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་དཔྱད་ཞིབ་ཐོབ་ཡོད་པ་དང་། འགུལ་སྐྱོད་དེ་དག་ཉིང་རྡུལ་མཚོན་ཆ་རྒྱ་ཡན་དུ་མི་གཏོང་བའི་ཆིངས་ཡིག་དང་དེའི་ཟུར་གཏོགས་གྲོས་ཆོད་ཡི་གེ་དང་འགལ་མེད་ཟེར། 

ཁོས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལྟར་ན། དབྱི་ལིང་གིས་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ལས་འགན་ལག་བསྟར་བྱེད་པ་ནི་རང་འགུལ་གྱི་བྱ་སྤྱོད་ཅིག་ཡིན་པ་དང་། དབྱི་ལིང་གིས་འོས་འགན་དེ་ལག་བསྟར་བྱེད་མིན་དེ་རྒྱལ་ཁབ་གཞན་པས་རང་སྟེང་གི་དགོས་ངེས་ཀྱི་འོས་འགན་ལག་བསྟར་བྱེད་མིན་ལ་རག་ལས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།