ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཅུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནེ་ཀྲི་རི་ཡཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། ནེ་ཀྲི་རི་ཡཱའི་དམག་དཔུང་གིས་ཚེས་ལྔ་ཉིན་རྒྱལ་ཁབ་དེའི་བྱང་ཤར་ཕྱོགས་ཀྱི་པའོ་ཨར་ནོའུ་ཀྲིག་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ལ་རྒོལ་ལན་སྤྲད་དེ། དྲག་ཆས་ཉེས་ཅན་བཅུ་བསད་པ་དང་། མི་གཉིས་འཛིན་བཟུང་བྱས་ཟེར། 

ནེ་ཀྲི་རི་ཡཱའི་སྐམ་དམག་གི་བྱང་ཤར་ས་ཁུལ་གྱི་འགན་ཁུར་བ་པུས་ཝུའུ་ཡིས་གསར་འགོད་པར་བཤད་རྒྱུར། སྐམ་དམག་གི་དམག་དཔུང་ཞིག་ལ་ཉིན་དེའི་ཞོགས་པར་བཅའ་སྡོད་བྱེད་སར་བགྲོད་པའི་ལམ་བར་ནས་པའོ་ཁི་གནས་མཆོག་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས། ཕྱོགས་གཉིས་ཀྱིས་བསྟུད་མར་དུས་ཚོད་གསུམ་རིང་འཁྲུག་རྩོད་བྱས་མཐར། དམག་དཔུང་གིས་དྲག་ཆས་ཉེས་ཅན་མཐར་སྐྲོད་བཏང་བ་དང་། དྲག་ཆས་ཉེས་ཅན་བཅུ་བསད་པ་དང་གཉིས་འཛིན་བཟུང་བྱས། གཞན་ཡང་དྲག་ཆས་ཉེས་ཅན་མང་བོ་ཞིག་ལ་རྨས་ཕོག་རྗེས་བྲོས་བྱོལ་བྱས་པ་རེད་ཟེར། 

པུས་ཝུའུ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་བྱེད་སྐབས་དྲག་ཆས་རླངས་འཁོར་མང་བོ་བེད་སྤྱོད་བྱས་པ་རེད། མིག་སྔར་དམག་དཔུང་གིས་ཉེ་འཁོར་ས་ཁུལ་བཀག་སྡོམ་བྱས་ཏེ་བྲོས་བྱོལ་བྱེད་པའི་དྲག་ཆས་ཉེས་ཅན་འཛིན་བཟུང་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།