ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་གྲོས་ཁང་དངོས་སུ་གཏོར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇི་ཡིས་ཟླ་བཅུ་གཉིས་པར་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པ་དང་། གྲོས་ཁང་དེ་ཡང་འདེམ་བསྐོའི་སྔོན་དུ་གཏོར་རྒྱུ་རེད། ཚེས་ལྔ་ཉིན་གྱི་ནམ་གུང་། དབྱིན་ཇིའི་གྲོས་ཁང་དངོས་སུ་གཏོར་བ་དང་། འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། གྲོས་ཁང་གསར་བ་བདམས་ཐོན་མ་བྱུང་གོང་། གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གཉིས་སུ་ཁྲིམས་འཛུགས་ཀྱི་ལས་དོན་མེད་པ་རེད། 

བསྒྲགས་པ་ལྟར་ན། དབྱིན་ཇིའི་གྲོས་ཁང་གིས་ཚེས་ལྔ་ཉིན་གྱི་ནམ་གུང་གྲོས་ཁང་གཏོར་བ་ཁྱབ་སྒྲོག་བྱས་པ་དང་། ཟླ་བཅུ་གཉིས་པའི་འདེམ་བསྐོའི་བྱ་འགུལ་ཆེན་མོའི་བར་ད་རུང་ཉིན་ཉེར་ལྔ་ཡོད་པ་རེད། 

གྲོས་ཁང་གཏོར་བ་ལས་གྲོས་ཁང་ཞོལ་མ་དང་གྲོས་ཁང་གོང་མས་བྱ་འགུལ་ཡོད་ཚད་མཚམས་བཞག་པ་མཚོན་ཡོད། གྲོས་ཁང་ཞོལ་མ་གསར་བ་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་བཅུ་གཉིས་ཉིན་གདམ་རྒྱུ་ཡིན་པ་དང་། གྲོས་ཁང་གོང་མས་ལས་གནས་སོར་འཇོག་བྱེད་རྒྱུ་རེད། 

རྒྱུན་ལྡན་གྱི་གནས་ཚུལ་འོག་ཏུ། དམངས་གྲོས་ཁང་གི་གྲོས་དཔོན་གསར་བ་ཡང་གྲོས་ཁང་ཞོལ་མ་དང་མཉམ་དུ་བདམས་པ་ཡིན་ཡང་། ད་ལོར་ཧའོ་དབྱེ་ཨར་ནི་པའོ་ཁའོ་ཡིས་ཟླ་དགུ་བར་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་རྗེས་སྔ་སྣུར་གྱིས་གྲོས་དཔོན་གསར་བར་བདམས་པ་རེད། 

ཉིས་སྟོང་བཅུ་གཅིག་ལོར་གྲོས་མཐུན་བཀོད་པའི་འགན་ཡུན་བཅའ་ཁྲིམས་འཆར་ཟིན་ལྟར་ན། དབྱིན་ཇིའི་གྲོས་ཁང་གིས་ངེས་པར་དུ་ལོ་ལྔའི་ནང་འདེམ་བསྐོ་ཐེངས་རེ་བྱ་དགོས་པ་དང་། འདེམ་བསྐོའི་བྱ་འགུལ་ཆེན་མོ་དེ་ཉིས་སྟོང་ཉེར་གཉིས་ལོར་སྤེལ་དགོས་པ་ཡིན་ཡང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན། གྲོས་ཁང་ཞོལ་མས་འདེམ་ཤོག་འཕངས་ཏེ་ཟླ་བཅུ་གཉིས་པར་སྔ་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཐག་བཅད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།