ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་ལྔ་ཆའི་གཅིག་གི་ན་གཞོན་ལོ་ཆུང་ལ་སེམས་ཁམས་བདེ་ཐང་གི་གནད་དོན་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་མཉམ་འབྲེལ་དུ་སྤེལ་བའི་གཞི་གྲངས་ལྟར་ན། མིག་སྔར་འཛམ་གླིང་ཡོངས་སུ་ན་གཞོན་ལོ་ཆུང་ལྔའི་ཁྲོད་མི་རེར་སེམས་ཁམས་བདེ་ཐང་གི་གནད་དོན་བྱུང་ཡོད་པ་རེད། 

བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་མཉམ་འབྲེལ་དུ་ཀུན་གྱིས་སེམས་ཁུར་བྱེད་པའི་གཞི་གྲངས་ཤིག་ཁྱབ་སྒྲོག་བྱས། མིག་སྔར་འཛམ་གླིང་ཡོངས་ཀྱི་ལོ་བཅུ་ནས་ལོ་བཅུ་དགུའི་བར་གྱི་ན་གཞོན་ལོ་ཆུང་དུང་ཕྱུར་བཅུ་གཉིས་ཡོད་པའི་གྲས་སུ། བརྒྱ་ཆའི་ཉི་ཤུ་ཙམ་ལ་སེམས་ཁམས་བདེ་ཐང་གི་གནད་དོན་ཡོད་པ་དང་། ལོ་བཅུ་ནས་ལོ་བཅུ་དགུའི་བར་གྱི་ན་གཞོན་ལོ་ཆུང་ལ་བྱུང་བའི་ནད་དང་གནོད་པའི་ཁྲོད། བརྒྱ་ཆའི་བཅུ་དྲུག་ཙམ་ནི་སེམས་ཁམས་བདེ་ཐང་གནད་དོན་ལས་བྱུང་བ་ཡིན་ལ། ཡོང་འབབ་འབྲིང་དང་དམའ་བའི་རྒྱལ་ཁབ་ཏུ། ལོ་བཅུ་ནས་ལོ་བཅུ་དགུའི་བར་གྱི་ན་གཞོན་ལོ་ཆུང་གྲས་སུ་བརྒྱ་ཆའི་བཅོ་ལྔ་ཙམ་ལ་རང་སྲོག་གཅོད་པའི་བསམ་ཚུལ་སྐྱེས་མྱོང་ཡོད་པར་མ་ཟད། ལོ་བཅོ་ལྔ་ནས་ལོ་བཅུ་དགུའི་བར་གྱི་ན་གཞོན་ལོ་ཆུང་གྲས་སུ་རང་སྲོག་གཅོད་པ་དེ་འདས་རྐྱེན་ཆེན་པོ་གཉིས་པར་གྱུར་ཡོད་པ་རེད། 

བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། སེམས་ཁམས་བདེ་ཐང་གནད་དོན་ལས་མི་སྒེར་ལ་ཁུར་བོ་བཟོས་ཡོད་པར་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་ཐད་ལའང་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཡིན་ཡང་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་རིམ་པའི་འཕྲོད་བསྟེན་འཆར་འགོད་ཁྲོད་དུ་བྱིས་པ་དང་ན་གཞོན་ལོ་ཆུང་གི་སེམས་ཁམས་བདེ་ཐང་གནད་དོན་ལ་མཐོང་ཆེན་གང་ལེགས་ཐོབ་མེད་ཟེར། 

བྱིས་པའི་ཐེབས་རྩ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བཤད་རྒྱུར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱིས་པ་དང་ན་གཞོན་ལོ་ཆུང་གི་སེམས་ཁམས་གནད་དོན་དེ་འཛམ་གླིང་ཡོངས་ཀྱི་འཕྲོད་བསྟེན་འཆར་འགོད་ཁྲོད་སྔར་ལས་ལྷག་པའི་གོ་གནས་སུ་འཇོག་པར་སྐུལ་འདེད་གཏོང་ཆེད། ཁོ་ཚོས་ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བདུན་ཉིན་ནས་ཚེས་དགུའི་ཉིན་དབྱི་ཐཱ་ལེའི་ཧྥོ་ལོ་ལོན་སཱ་ནས་བརྗོད་སྙིང་དེར་འབྲེལ་བའི་གྲོས་ཚོགས་མཉམ་དུ་གཙོ་སྒྲུབ་བྱེད་རྒྱུ་ཡིན་པ་དང་། གྲོས་ཚོགས་ནས་གཙོ་བོ་བྱིས་པ་དང་ན་གཞོན་ལོ་ཆུང་གི་སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་དགོས་ངེས་ཀྱི་ཐོན་ཁུངས་དང་གྲོགས་པོའི་འབྲེལ་བ། ཞབས་ཞུ། ཆབ་སྲིད་དམ་བཅའ། ཐུན་མོང་རྒྱབ་སྐྱོར་བཅས་བརྩོན་ལེན་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།