ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་བ་དང་སི་རི་ཡཱའི་སྲིད་གཞུང་གིས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གཞོན་པ་ཝེ་ཨར་ཞེ་ཉིན་གྱིས་ཚེས་ལྔ་ཉིན་མའོ་སི་ཁི་ནས་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་སི་རི་ཡཱའི་ཁུའུ་ཨར་ཏི་བ་དང་སི་རི་ཡཱའི་ཀྲུང་དབྱང་སྲིད་གཞུང་གིས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཨ་མེ་རི་ཁས་སི་རི་ཡཱའི་ཁྲིམས་འགལ་བཀོད་སྒྲིག་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར། 

ཝེ་ཨར་ཞེ་ཉིན་གྱིས་ཉིན་དེར་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཐེངས་མང་བོར་སི་རི་ཡཱའི་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བའི་འཐུས་མི་དང་སི་རི་ཡཱའི་སྲིད་གཞུང་གིས་གྲོས་མོལ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་མྱོང་། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། སི་རི་ཡཱའི་ཁུའུ་ཨར་ཏི་བ་ནི་སི་རི་ཡཱའི་མི་དམངས་ཀྱི་འབྲལ་ཐབས་མེད་པའི་ཁག་ཅིག་ཡིན་པར་འདོད་ཡོད་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཁུའུ་ཨར་ཏི་བ་དང་སི་རི་ཡཱའི་སྲིད་གཞུང་གིས་སི་རི་ཡཱའི་དམངས་གཙོ་དམག་དཔུང་དེ་སྲིད་གཞུང་དག་དཔུང་གི་གྲས་སུ་བསྡུ་བའི་གནད་དོན་ལ་གྲོས་མོལ་བྱེད་པར་རོགས་རམ་བྱེད་འདོད་ཡོད་མིན་འདྲི་སྐབས། ཝེ་ཨར་ཞེ་ཉིན་གྱིས་བསྟན་དོན། ཨུ་རུ་སི་ཡིས་ཕྱོགས་གཉིས་ལ་རོགས་འདེགས་བྱས་ཏེ་གནད་དོན་གང་ཡོད་ལ་གྲོས་མོལ་བྱེད་དུ་འཇུག་འདོད་ཡོད་ཟེར། 

ཨ་མེ་རི་ཁས་སི་རི་ཡཱའི་ཤར་ཕྱོགས་སྣུམ་ཞིང་ལ་སྲུང་སྐྱོབ་བྱེད་ཆེད་བཙུགས་པར་བརྗོད་པའི་དམག་དོན་རྟེན་གཞི་གསར་བའི་འབྲེལ་ཡོད་གནས་ཚུལ་ཐད་ནས། ཝེ་ཨར་ཞེ་ཉིན་གྱིས་བསྟན་དོན། ཨ་མེ་རི་ཁས་སི་རི་ཡཱའི་ཁྲིམས་འགལ་དམག་དོན་བཀོད་སྒྲིག་ཐད་ནས་སྤྱད་པའི་བྱེད་ཐབས་གང་ཡིན་ཡང་། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད་པར་མ་ཟད་དང་ལེན་བྱེད་ཐབས་མེད་པ་ཞིག་རེད་ཟེར། 

ཨུ་རུ་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོ་དམག་དཔུང་གིས་ཆབ་སྲིད་ལས་ཁུངས་སི་རི་ཡཱའི་དམངས་གཙོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དབྱེ་ཨར་ཧཱ་མུའུ-ཨེ་ཧཱ་མེད་ཏི་ཡིས་ཉེ་སྔོན་ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་བསྟན་དོན། སི་རི་ཡཱའི་དམངས་གཙོ་དམག་དཔུང་སི་རི་ཡཱའི་སྲིད་གཞུང་དམག་དཔུང་ནང་ཞུགས་འདོད་ཡོད་པའི་ཚུལ་བསྟན་ཡང་། སྔོན་འགྲོའི་ཆ་རྐྱེན་ནི་འབྲེལ་ཡོད་ཕྱོགས་ཀྱིས་སི་རི་ཡཱའི་བྱང་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་ཆབ་སྲིད་ཀྱི་ཐག་གཅོད་ཇུས་གཞིར་གྲོས་མཐུན་འགོད་དགོས་ཟེར། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།