སུའུ་ཏན་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐུན་མོང་གྲོས་མཐུན་བཀོད་དེ། རྒྱལ་ཁབ་གཉིས་ཀྱི་དམག་དོན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མཉམ་འབྲེལ་དམག་དཔུང་བཀོད་སྒྲིག་བྱེད་པའི་ཐབས་ལ་བརྟེན་ཏེ་མཐའ་མཚམས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ་རེད། 

སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་གྱིས་ཚེས་བཞིའི་ཉིན་སུའུ་ཏན་གྱི་རྒྱལ་ས་ཁཱ་ཐུའུ་མུའུ་ནས་འཚམས་འདྲིར་ཡོང་བའི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་པུའུ་ཀྲང་ཁི་ཡཱ་ལཱ་དང་གྲོས་མོལ་བྱས། དེའི་རྗེས་སུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་། སུའུ་ཏན་རྒྱལ་སྲུང་པུའུ་ཀྲང་ཨོ་མཱ་ཨར་གྱིས་བསྟན་དོན། སུའུ་ཏན་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐུན་མོང་གྲོས་མཐུན་བཀོད་དེ། མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། སུའུ་ཏན་དང་ཀྲ་ཏི། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་ས་ཁུལ་དུ་དམག་དཔུང་བཀོད་སྒྲིག་བྱས་ནས་ས་ཁུལ་དེའི་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན། 

ཨོ་མཱ་ཨར་གྱིས་བཤད་རྒྱུར། སུའུ་ཏན་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་རུང་ཚད་ཆེན་པོའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་ཐོན་ཁུངས་བེད་སྤྱོད་བྱས་ཏེ། མདུན་དུ་ལྷགས་པའི་དཔལ་འབྱོར་གནད་དོན་ཐག་གཅོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཡིད་འཐད་བྱུང་ཡོད་ཟེར། 

ཁི་ཡཱ་ལཱ་ཡིས་སུའུ་ཏན་གྱིས་རྒྱལ་སྲུང་དང་དཔལ་འབྱོར། ཉོ་ཚོང་སོགས་ཁྱབ་ཁོངས་ནས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ལ་དུས་ཡུན་རིང་བོར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། སུའུ་ཏན་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་དྲག་ཆས་ཚོགས་ཁག་གིས་ཞི་བདེའི་གྲོས་མཐུན་འགོད་པར་སྐུལ་འདེད་གཏོང་བའི་ཐད་ནུས་པ་ཆེན་པོ་བཏོན་པར་གཟེངས་བསྟོད་བྱས། ཁོ་མོས་བཤད་རྒྱུར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱིས་དཀའ་ཁག་ལ་འཕྲད་པའི་གནས་ཚུལ་འོག་སྔར་བཞིན་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱས་པ་དང་། སུའུ་ཏན་གྱིས་འཕེལ་རིམ་དེའི་ནང་འབྲེལ་གཏུག་གི་ནུས་པ་གལ་ཆེན་བཏོན་ཡོད་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།