ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་གྱིས་ནེ་ཀི་ཡིས་ལས་ཁུར་དགོངས་ཞུ་བྱས་ཏེ་ཡང་བསྐྱར་ནེ་ཀི་བཅོས་སྒྲིག་བྱེད་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་ལཱ་ཀྲ་ཙི་ཡིས་ཚེས་བཞིའི་ཉིན་ནེ་ཀིའི་བློན་ཆེན་ཚང་མས་ལས་ཁུར་དགོངས་ཞུ་བྱས་ཏེ་ཡང་བསྐྱར་ནེ་ཀི་བཅོས་སྒྲིག་བྱེད་པར་སྟབས་བདེ་བཟོ་དགོས་པའི་རེ་བ་བཏོན། 

ཅོར་ཏན་གྱི་ཕའེ་ཐི་ལཱ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལཱ་ཀྲ་ཙི་ཡིས་བསྟན་དོན། ཅོར་ཏན་སྲིད་གཞུང་གིས་མ་འོངས་པའི་ཉིན་འགའི་ནང་ནེ་ཀི་ལ་གསར་དུ་བཅོས་སྒྲིག་བྱེད་རྒྱུ་ཡིན་པ་དང་། འབྲེལ་ཡོད་ཀྱི་ལས་རིམ་ལྟར་དུ། ཁོས་ད་ལྟའི་ནེ་ཀིའི་བློན་ཆེན་ཚང་མས་ལས་ཁུར་དགོངས་ཞུ་བྱ་དགོས་པའི་རེ་བ་བཏོན་ཡོད་ཟེར། 

ལཱ་ཀྲ་ཙི་ཡིས་བློན་ཆེན་ཡོངས་ཀྱིས་རང་ནུས་ཅི་ཡོད་བཏོན་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མི་འགྱངས་པར་སྤེལ་རྒྱུ་ཡིན་པའི་ནེ་ཀིའི་བཅོས་སྒྲིག་ནི་མིག་སྔའི་རྒྱལ་ནང་གི་གནས་བབ་ཐག་གཅོད་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན་ཟེར། 

འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐེངས་འདིའི་བཅོས་སྒྲིག་དེ་ཅོར་ཏན་སྲིད་གཞུང་གིས་ཉེ་སྔོན་བཏོན་པའི་དཔལ་འབྱོར་བཅོས་བསྒྱུར་འཆར་གཞི་དང་འབྲེལ་བ་ཡོད་ཀྱང་སྲིད། ཟླ་བཅུ་བའི་ཟླ་མཇུག་ཏུ། ལཱ་ཀྲ་ཙི་ཡིས་དཔལ་འབྱོར་བཅོས་བསྒྱུར་འཆར་གཞི་རབ་དང་རིམ་པ་བཏོན་པ་དང་། དེའི་ནང་དཔལ་འབྱོར་ལ་སྐུལ་སྤེལ་བྱེད་པ་དང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ། དངུལ་ལོར་བཅོས་བསྒྱུར་ལག་བསྟར་བྱེད་པ། དམངས་འཚོ་ལེགས་བཅོས་བྱེད་པ། ཕྱོགས་ཡོངས་ནས་སྤྱི་བའི་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ་སོགས་ཀྱི་ནང་དོན་འདུས་ཟེར། ལཱ་ཀྲ་ཙི་ཡིས་འཆར་གཞི་དེ་དག་ཁྱབ་སྒྲོག་བྱེད་པའི་སྐབས་སུ་བསྟན་དོན། ཅོར་ཏན་གྱི་ན་གཞོན་གྱི་ལས་ཤོར་ཚད་མཐོ་བ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་ཚད་ཡོངས་ཁྱབ་ཀྱིས་ཅུང་དལ་བས་དངོས་གོང་ཇེ་མཐོར་འགྲོ་བའི་ད་ལྟའི་གནས་བབ་ལ་མ་དགའ་བའི་རྣམ་འགྱུར་བཟུང་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།