ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་ལྔ་བ་ཚོགས་མགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་ལྔ་བ་དང་ཨེ་ཤ་ཡཱ་ཤར་མའི་མཉམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་ཚོགས་མགོ་རྩོམ་པའི་མཛད་སྒོ་ཚེས་གསུམ་ཉིན་མན་ཀུའུ་ནས་སྤེལ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཐེ་གོའི་ཙུང་ལི་པཱ་ཡུས་ཀྱིས་ཞུ་ཚིག་ཕུལ་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་དང་གྲོས་མོལ་གྲོགས་པོས་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཐུན་མོང་གི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱ་དགོས་ཟེར། 

པཱ་ཡུས་ཀྱིས་ཉིན་དེའི་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དང་འཛམ་གླིང་གི་མདུན་དུ་འགྲན་རྩོད་དང་གཏན་འཇགས་མིན་པའི་རྒྱུ་རྐྱེན་མང་བོ་གནས་ཡོད། དེའི་ནང་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་དལ་བ་དང་། ཉོ་ཚོང་གི་འགལ་བ་ལས་བྱུང་བའི་འཛམ་གླིང་ཡོངས་དང་ས་ཁུལ་གྱི་ཆབ་སྲིད་འགྲན་རྩོད་སོགས་འདུས། ཕྱོགས་མང་རིང་ལུགས་འགྲན་རྩོད་ལ་འཕྲད་ཡོད་ལ། གྲོགས་པོའི་འབྲེལ་བ་ཟབ་མོ་དང་མཛའ་བཤེས་ནི་ས་ཁུལ་རང་གིས་འགྲན་རྩོད་དེ་དག་ཐག་གཅོད་བྱེད་པའི་གནད་འགག་ཡིན་ཟེར། 

པཱ་ཡུས་ཀྱིས་བསྟན་དོན། ཕྱོགས་སོ་སོས་ས་ཁུལ་གྱི་དུས་ཡུན་རིང་བོའི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་པར་ཕན་པའི་ཁོར་ཡུག་ཅིག་གསར་བསྐྲུན་བྱ་དགོས་ཟེར། ཁོས་ཕྱོགས་སོ་སོས་མུ་མཐུད་དུ་ད་ལོའི་ལོ་མཇུག་གི་སྔོན་ལ་ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་ཡོངས་འགྲུབ་བྱས་པ་དང་། མུ་མཐུད་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་འོག་གི་ཕྱོགས་མང་ཉོ་ཚོང་མ་ལག་སོགས་ལ་སྐུལ་འདེད་བཏང་ནས། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ས་ཁོངས་ཕྱི་ནང་གི་མཉམ་འབྲེལ་བྱེད་ཐབས་ལ་བརྟེན་ཏེ་སྲུབས་མེད་སྦྲེལ་མཐུད་བྱས་པའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་འཛུགས་སྐྲུན་བྱ་དགོས་པའི་འབོད་སྐུལ་བཏང་། 

ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྐབས་སོ་ལྔ་བ་དང་ཨེ་ཤ་ཡཱ་ཤར་མའི་མམ་ལས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་རབ་དང་རིམ་པ་ཚེས་གཉིས་ཉིན་ནས་ཚེས་བཞིའི་ཉིན་བར་མན་ཀུའུ་ནས་སྤེལ། ཚོགས་མགོ་མ་བརྩམས་གོང་། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བཅུའི་མགོ་ཁྲིད་པས་ཚེས་གཉིས་ཉིན་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་གྲོས་བསྡུར་བྱས་པར་མ་ཟད། ད་ལོའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་བརྟེན་ནས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བའི་བརྗོད་སྙིང་དང་ཟུང་འབྲེལ་བྱས་ཏེ། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་དང་ཨེ་ཤ་ཡཱ་ཤར་ལྷོའི་ས་ཁུལ་གྱི་ཁྱབ་ཁོངས་སོ་སོའི་རྒྱུན་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་པའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།