ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་གྱི་ཏི་ལོས་སི་ཏོན་གྱིས་གཡས་ཕྱོགས་སྟོབས་ཤུགས་ལ་འགོག་རྒོལ་བྱེད་པའི་དོགས་ཟོན་ཇེ་མཐོར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གསར་འགྱུར་ལས་རིགས་ཀྱིས་ཚེས་གཉིས་ཉིན་བསྒྲགས་པ་ལྟར་ན། འཇར་མན་ཤར་ཕྱོགས་ཀྱི་ཏི་ལོས་སི་ཏོན་གྱིས་གཡས་ཕྱོགས་སྟོབས་ཤུགས་ལ་འགོག་རྒོལ་བྱེད་པའི་དོགས་ཟོན་མཐོར་འདེགས་བྱེད་རྒྱུ་ཁྱབ་སྒྲོག་བྱས།

བསྒྲགས་པ་ལྟར་ན། ཏི་ལོས་སི་ཏོན་གྲོང་ཁྱེར་གྱི་གྲོས་ཁང་གིས་ཚེས་གཅིག་ཉིན་གྱི་དགོང་མོར་གྲོས་ཆོད་བཀོད་དེ། དོགས་ཟོན་ཇེ་མཐོར་གཏོང་རྒྱུ་ཁྱབ་སྒྲོག་བྱས། གྲོང་ཁྱེར་གྲོས་ཁང་གིས་གསལ་སྒྲོག་སྤེལ་ཏེ། དམངས་གཙོར་རྒོལ་བ་དང་སྣ་མང་ཅན་ལ་རྒོལ་བ། སྤྱི་ཚོགས་ལ་རྒོལ་བའི་གཡས་ཕྱོགས་བསམ་བློ་ལྡན་པའི་བྱ་འགུལ་ཏེ་དྲག་ཤུགས་བྱ་སྤྱོད་བྱུང་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་ཏི་ལོས་སི་ཏོན་གྲོང་ཁྱེར་སྡོད་དམངས་དང་སྤྱི་ཚོགས་ཚོགས་ཁག་གིས་མཉམ་དུ་གྲངས་ཉུང་མི་རིགས་ལ་སྲུང་སྐྱོབ་བྱེད་པ་དང་། གཡས་ཕྱོགས་དྲག་ཤུགས་ཀྱི་གནོད་ཐེབས་མཁན་ལ་རོགས་རམ་བྱ་དགོས་པའི་འབོད་སྐུལ་བཏང་། 

ཏི་ལོས་སི་ཏོན་གྲོང་ཁྱེར་གྲོས་ཁང་གི་ཏང་ཁག་མི་འདྲ་བའི་གྲོས་མི་མང་ཆེ་བས་གྲོས་ཆོད་དེར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། ཡིན་ཡང་གྲོས་མི་ལ་ལས་བལྟས་ན་གྲོས་ཆོད་དེའི་བརྗོད་སྟངས་རེ་འགའ་ལེགས་བཅོས་བྱ་དགོས་པ་དང་། མིང་ཚིག་ལ་ལས་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཆེན་དེའི་སྣང་བརྙན་ལ་གཏོར་བརླག་ཐེབས་སྲིད་པར་འདོད། 

ཏི་ལོས་སི་ཏོན་ནི་འཇར་མན་གྱི་སཱ་ཁི་སིན་ཀྲིག་གི་ལྟེ་གནས་གྲོང་ཁྱེར་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་ལ། ཡོ་རོབ་གླིང་རྒྱལ་གཅེས་མཁན་གྱིས་ནུབ་ཕྱོགས་རྒྱལ་ཁབ་དག་དབྱི་སི་ལན་དུ་འགྱུར་བར་འགོག་རྒོལ་བྱེད་པའི་ལས་འགུལ་དང་། འཇར་མན་རྒྱལ་ཁབ་ཀྱི་དམངས་གཙོ་ཏང་སོགས་གཡས་ཕྱོགས་སྟོབས་ཤུགས་ཀྱིས་སཱ་ཁི་སིན་ཀྲིག་ཏུ་བྱ་འགུལ་མང་དུ་སྤེལ་བཞིན་ཡོད་ལ། འཇར་མན་གྱིས་སྨྱན་བྱད་མི་ཉུང་བས་ཏི་ལོས་སི་ཏོན་དེ་གཡས་ཕྱོགས་སྟོབས་ཤུགས་ཀྱི་སྒར་ས་ཆེན་མོ་ཞིག་ཏུ་བསམ་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།