དབྱི་སི་རལ་གྱིས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་འཇབ་རྒོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཚེས་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཉིན་དེའི་ཞོགས་པར་ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དམག་དོན་དམིགས་འབེན་མང་བོར་འཇབ་རྒོལ་བྱས་ཟེར། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱི་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣས་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཧཱ་མཱ་སིའི་མཚོ་དམག་གི་སྡོད་གནས་དང་མཁའ་སྲུང་གཡུལ་སའི་མཁོ་སྒྲུབ་རྟེན་གཞི། དམག་དོན་སྦྱོང་བརྡར་རྟེན་གཞི། མཚོན་ཆའི་བཟོ་སྐྲུན་དང་གསོག་འཇོག་རྟེན་གཞི་སོགས་དམག་དོན་དམིགས་འབེན་མང་བོར་འཇབ་རྒོལ་བྱས་ཟེར། 

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གི་དཔོན་རིགས་ཀྱིས་བསྟན་དོན། དབྱི་སི་རལ་དམག་ཕྱོགས་ཀྱི་འགུལ་སྐྱོད་ལས་ལོ་ཉེར་བདུན་ཅན་གྱི་ཕཱ་ལེ་སི་ཐན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་ཕཱ་ལེ་སི་ཐན་གྱི་མི་གཉིས་ལ་བར་སྣང་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་ཟེར། 

དབྱི་སི་རལ་གྱི་དམག་དོན་འགུལ་སྐྱོད་ལ་དམིགས་ནས་ཧཱ་མཱ་སི་ཡིས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་དམག་དཔུང་གི་འགུལ་སྐྱོད་ནི་ཉེན་ཁ་ཚབས་ཆེན་དུ་གྱུར་བའི་སྣང་ཚུལ་ཞིག་ཡིན་པ་དང་། ཉེས་མེད་མི་སེར་དཀྱུས་མའི་ཁེ་དབང་ལ་གནོད་པ་བཟོས་ཡོད་ལ། དབྱི་སི་རལ་གྱིས་དེའི་མཇུག་འབྲས་ལ་འགན་ཁུར་དགོས་ཟེར། 

ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་མི་སྣས་ཚེས་གཅིག་ཉིན་གྱི་དགོང་མོར་དབྱི་སི་རལ་དུ་མེ་ཤུགས་འཕུར་མདའ་བཅུ་གཏོང་འཕེན་བྱས་པ་དང་། དེའི་ནང་འཕུར་མདའ་གཅིག་དབྱི་སི་རལ་གྱི་མཐའ་མཚམས་གྲོང་ཁྱེར་སི་ཏའེ་ལོ་ཐི་ཡི་ཁང་བ་ཞིག་ལ་ཕོག་ཀྱང་། མི་སྣར་ཤི་རྨས་བཟོས་མེད། མིག་སྔར་ཅཱ་ཧྲ་ས་ཁུལ་གྱི་དྲག་ཆས་ཚོགས་ཁག་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད་ཀྱང་། དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཧཱ་མཱ་སི་ཡིས་དོན་དེར་འགན་ཁུར་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།