ཀྲུང་གོ་བོད་ཀྱི་དྲ་བ།

རྐྱེན་ལམ་དུ་ཤོར་བའི་མི39ཚང་མ་རྒྱལ་ཁབ་འདིའི་ཡིན་པར་བཤད།

ཡོང་ཁུངས། : ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།     སྤེལ་དུས། : 2019-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་ཟོག་འདྲེན་རླངས་འཁོར་གྱི་ཡ་ང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣ་ཚང་མ་ཝེ་ཐེ་ནམ་གྱི་མི་ཡིན་པ་ངོས་འཛིན་བྱས།

1572699578120560.jpg

དབྱིན་ཇིའི་ཨའེ་སའེ་ཁེ་སི་ཅུན་ཉེན་རྟོག་ཕྱོགས་ཀྱིས་ཟླ11པའི་ཚེས1ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་དོན། ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་ཟླ་སྔོན་མའི་ནང་བྱུང་བའི་ཟོག་འདྲེན་རླངས་འཁོར་གྱི་ཡ་ང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི39ཚང་མ་ཝེ་ཐེ་ནམ་གྱི་མི་ཡིན་སྙམ་ཟེར།

ཕྱོགས་ཡོངས་ནས་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་མཁན་གྱི་ཐོབ་ཐང་ཞིབ་བཤེར་བྱ་བའི་འགན་འཛིན་པ་ཉེན་དཔོན་ཏི་མུའུ•ཧྲི་སྨི་སིས་གསལ་བསྒྲགས་ནང་བཤད་རྒྱུར། “མིག་སྔར་ང་ཚོས་རྐྱེན་ལམ་དུ་ཤོར་མཁན་ནི་ཝེ་ཐེ་ནམ་གྱི་སྤྱི་དམངས་ཡིན་སྙམ་ལ། ཉེན་རྟོག་ཕྱོགས་ཀྱིས་ཝེ་ཐེ་ནམ་སྲིད་གཞུང་དང་འབྲེལ་བ་བྱེད་བཞིན་པའི་སྒང་ཡིན། དེ་མིན་ང་ཚོས་ཝེ་ཐེ་ནམ་དང་དབྱིན་ཇིའི་ཁྱིམ་ཚང་ཁག་གཅིག་དང་ཐད་ཀར་འབྲེལ་གཏུག་བྱས་ཤིང་། རྐྱེན་ལམ་དུ་ཤོར་མཁན་གྱི་ཁྱིམ་ཚང་ཁག་གཅིག་གཏན་འཁེལ་བྱས་ཡོད”ཟེར།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། བདེན་དཔང་འཚོལ་བསྡུ་བྱ་བ་སྔར་བཞིན་སྤེལ་བཞིན་ཡོད་ཅིང་། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཐོབ་ཐང་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ཁྱབ་བསྒྲགས་བྱེད་ཐབས་བྲལ། ཉེན་རྟོག་ཕྱོགས་ཀྱིས་མུ་མཐུད་དུ་ཝེ་ཐེ་ནམ་སྲིད་གཞུང་དང་རྒྱལ་ཁབ་གཞན་དག་ལ་མཉམ་འབྲེལ་བྱས་ཏེ། གནས་ཚུལ་ཤེས་མཁན་གྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཐོབ་ཐང་དངོས་གསལ་འབྱེད་བྱེད་པའི་ཁུངས་སྣེ་མཁོ་འདོན་བྱེད་རྒྱུའི་རེ་འབོད་ཀྱང་ཞུ་རྒྱུ་ཡིན་ཟེར།

དབྱིན་ཇིའི་ཉེན་རྟོག་ཕྱོགས་ཀྱིས་ཟླ10ཚེས23ཉིན་དབྱིན་ཀེ་ལན་ཤར་ལྷོའི་རྒྱུད་ཀྱི་ཨའེ་སའེ་ཁེ་སི་ཅུན་གྱི་བཟོ་ལས་ཁུལ་ཞིག་ཏུ་དོས་སྒམ་ཟོག་འདྲེན་རླངས་འཁོར་ཞིག་ནས་བམ་རོ39རྙེད་པ་རེད། ཉེན་རྟོག་ཕྱོགས་ཀྱིས་ཟོག་འདྲེན་རླངས་འཁོར་དེ་པུར་ཀ་རི་ཡར་ཐོ་འགོད་བྱས་པ་དང་། ཚེས19ཉིན་ཝེར་ཧྲིའི་མཚོ་ཁའི་གྲོང་ཁྱེར་ཧོ་ལི་ཧེ་ཏེ་བརྒྱུད་ནས་དབྱིན་ཇིར་འཛུལ་ཞིང་། དོས་སྒམ་ནི་པི་ལི་ཧྲི་ནས་ཐོན་པ་ཞིག་རེད་ཟེར། ཝེ་ཐེ་ནམ་སྤྱི་བདེ་པུའུ་ཡི་འགོ་གཙོ་སུའུ་ལིན་གྱིས་ཟླ10ཚེས30ཉིན་བཤད་རྒྱུར། ཝེ་ཐེ་ནམ་སྤྱི་བདེ་པུའུ་ཡིས་ལས་དོན་ཚོགས་ཆུང་དབྱིན་ཇིར་མངགས་གཏོང་བྱས་ཏེ། དབྱིན་ཇིའི་ཉེན་རྟོག་ཕྱོགས་དང་མཉམ་དུ་ཟོག་འདྲེན་རླངས་འཁོར་གྱི་ཡ་ང་བའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ཐོབ་ཐང་ཞིབ་བསྡུར་བྱ་རྒྱུའི་གྲ་སྒྲིག་བྱ་བ་ཡོངས་སུ་གྲུབ་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།