མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བུད་མེད་དག་ཞི་བདེའི་འཕེལ་རིམ་ནང་ཞུགས་པའི་ཚད་ལ་ཤུགས་སྣོན་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བཅུ་བའི་ཚེས་ཉེར་དགུའི་ཉིན་སྤེལ་བའི་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་གནད་དོན་གྱི་ཡོངས་བསྒྲགས་དཔྱད་གླེང་ཚོགས་འདུའི་སྟེང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་བཞི་དགུ་གསུམ་ལ་གཅིག་གྱུར་གྲོས་མཐུན་བཀོད་ནས། བུད་མེད་དག་འཛམ་གླིང་ཡོངས་ཀྱི་ཞི་བདེའི་འཕེལ་རིམ་ཁྲོད་ཞུགས་པའི་ཚད་ལ་ཤུགས་སྣོན་བྱས་ཏེ། བུད་མེད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་གྲོས་རིམ་མྱུར་དུ་དངོས་འབེབ་བྱ་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཆོད་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་བུད་མེད་དག་ཕྱོགས་ཡོངས་ནས་འདྲ་མཉམ་དང་དོན་སྙིང་ལྡན་པའི་སྒོ་ནས་ཞི་བདེའི་འཕེལ་རིམ་གྱི་དུས་རིམ་སོ་སོར་ཞུགས་པར་འགན་སྲུང་བྱས་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཅིག་གསུམ་གཉིས་ལྔ་ལས་བརྩམས་པའི་བུད་མེད་དང་ཞི་བདེ། བདེ་འཇགས་བཅས་ཀྱི་གྲོས་རིམ་དངོས་འབེབ་བྱ་དགོས་པའི་སྐུལ་མ་བཏང་། གྲོས་ཆོད་ལས་བུད་མེད་དག་ཕྱོགས་ཡོངས་ནས་ཞི་བདེའི་གྲོས་མོལ་ནང་ཞུགས་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་། ཁོ་མོ་ཚོས་གྲོས་མོལ་གྱི་འཐུས་མིའི་འགན་ཁུར་བ་དང་གྲོས་མཐུན་གཏན་འབེབས་བྱས་ཏེ་དངོས་འབེབ་བྱེད་པའི་ལྟ་རྟོག་རྐྱེན་སྲོལ་འཛུགས་པར་རྒྱབ་སྐྱོར་བྱ་དགོས་པ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་བུད་མེད་ཀྱིས་མགོ་ཁྲིད་པའི་འབྲེལ་ཡོད་རྩ་འཛུགས་དག་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ཞུགས་པར་རྒྱབ་སྐྱོར་བྱ་དགོས་པའི་སྐུལ་མ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།