ཨུ་རུ་སི་དང་ཧང་ག་རིའི་མགོ་ཁྲིད་པས་ཝུའུ་ཁི་ལན་བསྐོར་ནས་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པར་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཧང་ག་རིའི་ཙུང་ལི་ཨིག་ཨར་པན་དང་གྲོས་མོལ་བྱས་ཏེ། ཝུའུ་ཁི་ལན་བསྐོར་ནས་ཡོ་རོབ་གླིང་དབུས་མ་ས་ཁུལ་དུ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་པའི་དོན་ལ་གྲོས་བསྡུར་བྱས། 

མིང་བཤད་མི་འདོད་པའི་མི་སྣས་ཞིག་གིས་བཤད་རྒྱུར། ཕུའུ་ཅིན་གྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ཧང་ག་རི་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ་དང་། ཨིག་ཨར་པན་དང་མཉམ་དུ་ཨུ་རུ་སི་དང་ཐུར་ཁེ་ཡིས་མཉམ་པར་སྐུལ་འདེད་གཏོང་བའི་རང་བྱུང་སོལ་རླངས་སྦུག་ལམ་ལས་གཞིའི་ཐད་ནས་གྲོས་འཆམ་འབྱུང་བའི་རེ་བ་ཡོད་ཟེར། 

ཨུ་རུ་སི་ཡིས་རང་བྱུང་སོལ་རླངས་སྦུག་ལམ་གྱི་དུས་རིམ་དང་པོའི་ལས་གཞི་དེས་ད་ལོའི་ལོ་མཇུག་གི་སྔོན་དུ་ཐུར་ཁེ་ལ་སོལ་རླངས་འདོན་སྤྲོད་བྱེད་ཐུབ་པར་རེ་བཞིན་ཡོད་ལ། ལོ་རེའི་སོལ་རླངས་ཕྱིར་འདྲེན་གྱི་ཚད་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཅིག་དང་ཐེར་འབུམ་ལྔ་དུང་ཕྱུར་བདུན་བྱེ་བ་ལྔ་ཡིན་པ་རེད།  དུས་རིམ་གཉིས་པའི་ལས་གཞིའི་ལོ་ཧྲིལ་བོའི་སོལ་རླངས་ཕྱིར་འདྲེན་གྱི་ཚད་དུས་རིམ་དང་པོ་དང་གཅིག་འདྲ་ཡིན་པ་དང་། སྦུག་ལམ་དེ་པུར་ཀ་རི་ཡཱ་བརྒྱུད་དེ་སེར་ཝེ་ཡཱ་དང་ཧང་ག་རི་ལ་འདྲེན་པ་རེད། 

ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་ཞི་ཡཱ་ཨར་ཐའོ་ཡིས་བལྟས་ན། རང་བྱུང་སོལ་རླངས་སྦུག་ལམ་ལས་གཞི་དེ་མྱུར་མོར་པུར་ཀ་རི་ཡཱ་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་དགོས་པར་འདོད། 

ཨུ་རུ་སི་ཡིས་མིག་སྔར་ཝུའུ་ཁི་ལན་བརྒྱུད་དེ་ཡོ་རོབ་གླིང་ས་ཁུལ་དུ་རང་བྱུང་སོལ་རླངས་སྐྱེལ་འདྲེན་བྱེད་བཞིན་ཡོད། སོལ་རླངས་སྐྱེལ་འདྲེན་གྱི་གྲོས་མཐུན་དེ་ད་ལོའི་ལོ་མཇུག་ཏུ་ཡུན་ཚད་ལོངས་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་གྲོས་མཐུན་གསར་བ་འགོད་པར་བཀག་རྒྱ་མང་བོར་འཕྲད་ཡོད་པ་རེད། 

ཞི་ཡཱ་ཨར་ཐའོ་ཡིས་ཚེས་བཅུ་དགུའི་ཉིན་གསར་འགོད་པར་བཤད་རྒྱུར། ཧང་ག་རི་ཡིས་ད་ལོའི་དགུན་ཁར་རང་བྱུང་སོལ་རླངས་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་ཙམ་གསོག་འཇོག་བྱས་ཡོད། ཧང་ག་རིའི་ལོ་རེའི་ཆ་སྙོམས་ཀྱི་རང་བྱུང་སོལ་རླངས་ཀྱི་འཛད་སྤྱོད་ཚད་ནི་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཅིག་ཙམ་ཡིན་པ་རེད། 

ཞི་ཡཱ་ཨར་ཐའོ་ཡིས་བཤད་རྒྱུར། སྐབས་ཐོག་འདིར་ཡོ་རོབ་ནུབ་མའི་རྒྱལ་ཁབ་དག་གིས་ང་ཚོ་དང་ཨུ་རུ་སིའི་བར་གྱི་ནུས་ཁུངས་མཉམ་ལས་ལ་སྐྱོན་བརྗོད་བྱས་པ་དང་ལེན་བྱེད་མི་སྲིད། རྒྱུ་མཚན་ནི་ཧང་ག་རི་ཡིས་ངེས་པར་དུ་ཨུ་རུ་སིའི་རང་བྱུང་སོལ་རླངས་ལ་བརྟེན་དགོས་པ་དང་དེར་ཚབ་བྱེད་གཞན་པ་མེད་ཟེར། 

ཕུའུ་ཅིན་གྱིས་ཟླ་བཅུ་བའི་ཚེས་སུམ་ཅུའི་ཉིན་ད་རུང་ཨིག་ཨར་པན་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཉིང་རྡུལ་ནུས་པའི་མཉམ་ལས་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།