ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཆབ་སྲིད་ཅུའུ་ཡི་མགོ་ཁྲིད་པ་ཧཱ་ནེ་ཡཱ་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱིས་འདེམ་བསྐོའི་བྱ་འགུལ་ཆེན་མོ་སྤེལ་བར་རྒྱབ་སྐྱོར་དང་། འདེམ་བསྐོའི་མཇུག་འབྲས་ལ་བརྩི་འཇོག་བྱེད་སྲིད་ཀྱང་། འདེམ་བསྐོའི་བྱ་འགུལ་དེ་ངེས་པར་དུ་ཕཱ་ལེ་སི་ཐན་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་དང་ཙུང་ཐུང་གི་འདེམ་བསྐོ་སོགས་འདུས་པའི་ཕྱོགས་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་ཞིག་ཡིན་དགོས་ཟེར། 

ཧཱ་ནེ་ཡཱ་དང་བཅས་པའི་ཅཱ་ཧྲ་ས་ཁུལ་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་མགོ་ཁྲིད་པས་ཉིན་དེར་ཅཱ་ཧྲ་ས་ཁུལ་ནས་ཕཱ་ལེ་སི་ཐན་ཀྲུང་དབྱང་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ནཱ་སེ་ཨར་དང་གྲོས་མོལ་བྱས། ཧཱ་ནེ་ཡཱ་ཡིས་དེའི་རྗེས་སུ་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཧཱ་མཱ་སི་ཡིས་འདེམ་བསྐོའི་བྱ་འགུལ་ཆེན་མོར་ཞུགས་པའི་གྲ་སྒྲིག་བྱས་ཡོད་པ་དང་། འདེམ་བསྐོའི་བྱ་འགུལ་ཆེན་མོའི་དྲང་བདེན་རང་བཞིན་དང་མངོན་གསལ་རང་བཞིན་ལ་འགན་སྲུང་ཐོབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་འདེམ་བསྐོའི་མཇུག་འབྲས་དང་ལེན་བྱེད་ངེས་ཡིན་ཟེར། ཁོས་ད་རུང་བསྟན་དོན། ཧཱ་མཱ་སི་ཡིས་ཕཱ་ལེ་སི་ཐན་གྱིས་ཕྱོགས་ཡོངས་ཀྱི་འདེམ་བསྐོའི་བྱ་འགུལ་ཞིག་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་། དེའི་ནང་ཕཱ་ལེ་སི་ཐན་གྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོ་དང་ཙུང་ཐུང་འདེམ་བསྐོ། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ཀྱི་ཆེས་མཐོའི་དབང་ཤུགས་ལས་ཁུངས་ཕཱ་ལེ་སི་ཐན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་བཅས་འདུས་དགོས་ཟེར།

ནཱ་སེ་ཨར་གྱིས་ཚེས་ཉེར་བདུན་ཉིན་འཐུས་ཚང་ཚོགས་པ་ཁྲིད་དེ་ཅཱ་ཧྲ་ས་ཁུལ་དུ་འབྱོར་བ་དང་། ཅཱ་ཧྲ་ས་ཁུལ་གྱི་ཆབ་སྲིད་ཕྱོགས་ཁག་སོ་སོའི་བར་འདེམ་བསྐོའི་བྱ་འགུལ་ཐད་ནས་གྲོས་མོལ་བྱས། ནཱ་སེ་ཨར་གྱིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་ཕྱོགས་ཁག་སོ་སོས་འདེམ་བསྐོའི་བྱ་འགུལ་ཆེན་མོར་རྣམ་འགྱུར་བཟང་བོ་བཟུང་ཡོད་པ་དང་། ཉིན་དེའི་གྲོས་མོལ་སྐབས་སུ་འདེམ་བསྐོའི་བྱ་འགུལ་དང་འབྲེལ་བའི་གནད་དོན་རེ་འགར་གྲོས་འཆམ་བྱུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།