ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ལྷོ་ནུབ་ས་ཁུལ་ནས་མི་ལ་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ་མི་གཉིས་ལ་རྨས་ལྗིད་མོ་ཕོག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིན་བཤད་རྒྱུར། ཧྥ་རན་སིའི་ལྷོ་ནུབ་ཕྱོགས་ཀྱི་པཱ་ཡའོ་ནེ་གྲོང་ཁྱེར་ནས་ཉིན་དེའི་ཕྱི་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གཉིས་ལ་རྨས་ལྗིད་མོ་ཕོག་ཡོད་ལ། དོགས་ཡོད་ཉེས་ཅན་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད་ཟེར། 

པཱ་ཡའོ་ནེ་ཡོད་སའི་ནུབ་ཀྱི་རྒྱ་མཚོ་ཆེན་མོའི་འགྲམ་གྱི་པུས་ལེ་ཉིག་སི་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ལོ་བརྒྱད་ཅུ་ཅན་གྱི་སྐྱེས་པ་ཞིག་གིས་ཉིན་དེར་པཱ་ཡའོ་ནེ་གྲོང་ཁྱེར་གྱི་དབྱི་སི་ལན་ཆོས་ཁང་ཞིག་གི་སྒོ་ཆེན་མེར་བསྲེག་བརྩིས་བྱས་པ་དང་། ཁོའི་བྱ་སྤྱོད་ལ་བཀག་འགོག་བྱེད་དུ་ཡོང་བའི་མི་གཉིས་ལ་མེ་མདས་བརྒྱབ་སྟེ་རྨས་ལྗིད་མོ་ཕོག་པ་རེད། རྨས་མ་གཉིས་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། ཉེན་རྟོག་ཕྱོགས་ཀྱིས་དོགས་ཡོད་ཉེས་ཅན་གྱི་ཁྱིམ་ནས་ཁོ་རང་འཛིན་བཟུང་བྱས་པ་དང་། ཁོའི་སྡོད་ཁང་དང་རླངས་འཁོར་སོགས་ལ་ཞིབ་བཤེར་བྱས། 

བསྒྲགས་པ་ལྟར་ན། སྐྱེས་པ་དེས་སྔོན་ཆད་ཁྲིམས་འགལ་གྱི་ནག་ཉེས་བཟོས་མྱོང་མེད་པ་དང་། ཁོའི་དམིགས་ཡུལ་ཅི་ཡང་གསལ་བོར་མི་ཤེས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།