དབྱི་རག་གསང་འཕྲིན་སྡེ་ཁག་གིས་ཨ་མེ་རི་ཁའི་དམག་དཔུང་གིས་པཱ་ཀི་ཏཱ་ཏིས་ལ་དམིགས་པའི་འགུལ་སྐྱོད་ལ་བརྡ་འཕྲིན་གལ་ཆེན་འདོན་སྤྲོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡིས་ཚེས་ཉེར་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་གསང་འཕྲིན་སྡེ་ཁག་གིས་ལོ་གཅིག་ལྷག་ལ་རྗེས་འདེད་བྱས་རྗེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཐོའི་མགོ་བ་པཱ་ཀི་ཏཱ་ཏིས་ཀྱི་སི་རི་ཡཱའི་མངའ་ཁོངས་ཀྱི་སྦས་སྐོང་བྱེད་ས་གཏན་འཁེལ་བྱས་པ་དང་། ཨ་མེ་རི་ཁའི་དམག་དཔུང་གིས་པཱ་ཀི་ཏཱ་ཏིས་ལ་དམིགས་པའི་འགུལ་སྐྱོད་ལ་བརྡ་འཕྲིན་གལ་ཆེན་འདོན་སྤྲོད་བྱས། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་གསང་འཕྲིན་སྡེ་ཁག་གིས་ཆེད་དོན་བྱ་བའི་ཚན་ཆུང་ཞིག་རྩ་འཛུགས་བྱས་ཏེ། ལོ་གཅིག་གི་རིང་ལ་བསྟུད་མར་རྗེས་འདེད་བྱས་ཏེ་བརྡ་འཕྲིན་ཡང་དག་རྙེད་ནས། པཱ་ཀི་ཏཱ་ཏིས་དང་དེའི་ལས་རོགས་པའི་སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་སྦས་སྐོང་བྱེད་ས་གཏན་འཁེལ་བྱས་པ་དང་། དེའི་རྗེས་སུ་ཨ་མེ་རི་ཁའི་དམག་དཔུང་དང་དབྱི་རག་གི་གསང་འཕྲིན་སྡེ་ཁག་གིས་མཉམ་ལས་བྱས་ཏེ། ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་དམག་དོན་འགུལ་སྐྱོད་སྤེལ་ནས། པཱ་ཀི་ཏཱ་ཏིས་དང་དེའི་ལས་རོགས་པ་དག་ཚར་གཅོད་བྱས་པ་རེད། 

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་ཉེར་བདུན་ཉིན་ཁྱབ་སྒྲོག་བྱས་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཆེས་མཐོའི་མགོ་བ་པཱ་ཀི་ཏཱ་ཏིས་ཀྱིས་ཨ་མེ་རི་ཁའི་དམག་དཔུང་གི་སི་རི་ཡཱའི་ནུབ་བྱང་ཕྱོགས་ནས་ཁོར་དམིགས་ཏེ་སྤེལ་བའི་མཚན་མོའི་དམག་དོན་འགུལ་སྐྱོད་ཅིག་ལས་རང་སྲོག་བཅད་སོང་ཟེར། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།