ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཧྥ་རན་སིའི་ཙུང་ཐུང་གིས་སི་རི་ཡཱའི་གནས་བབ་ཐད་ནས་ཁ་པར་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཚེས་ཉེར་དྲུག་ཉིན་ཁ་པར་གྲོས་མོལ་བྱས་ཏེ། སི་རི་ཡཱའི་གནས་བབ་ལ་གྲོས་བསྡུར་བྱས། 

ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཁ་པར་གྲོས་མོལ་བྱེད་སྐབས་ཕུའུ་ཅིན་གྱིས་ཧྥ་རན་སིའི་ཕྱོགས་ལ་ཟླ་འདིའི་ཚེས་ཉེར་གཉིས་ཉིན་ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་ཨུ་རུ་སིའི་སོ་ཆི་ནས་སྤེལ་བའི་གྲོས་མོལ་གྱི་བྱེ་བྲག་གི་ནང་དོན་མཚམས་སྦྱོར་བྱས། ཕུའུ་ཅིན་གྱིས་ནན་གྱིས་བསྟན་དོན། ཨུ་རུ་སི་དང་ཐུར་ཁེའི་ཙུང་ཐུང་གིས་སོ་ཆི་ནས་གྲོས་མོལ་བྱེད་སྐབས་བཀོད་པའི་བཟོད་སྒོམ་བརྗེད་ཐོ་ལས་ཕྱོགས་སོ་སོའི་ཁེ་ཕན་ལ་བསམ་བློ་བཏང་ཡོད་པ་དང་། སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བ་སླར་གསོ་བྱེད་པར་ཕན་ཐོགས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། མཱ་ཁི་ལུང་གིས་ཨུ་རུ་སི་དང་ཐུར་ཁེ་ཕྱོགས་གཉིས་ཀྱི་གྲོས་མཐུན་ལ་གདེང་འཇོག་གང་ལེགས་བྱས། ཨུ་རུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་བསྟན་དོན། བཟོད་སྒོམ་བརྗེད་ཐོ་དེ་འབྲེལ་བའི་བྱེད་ཐབས་ནི་ས་དེའི་གནས་བབ་གཏན་འཇགས་སུ་གཏོང་བའི་རྨང་གཞི་བཟང་བོ་ཡིན་ལ། སྤྱི་ཡོངས་ནས་སི་རི་ཡཱའི་ཉམས་ཉེན་གྱི་ཐག་གཅོད་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཟླ་འདིའི་ཚེས་སུམ་ཅུའི་ཉིན་རི་ནེ་ཝ་ནས་སྤེལ་རྒྱུ་ཡིན་པའི་སི་རི་ཡཱའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་དེ་འཛུགས་སྐྲུན་རང་བཞིན་ལྡན་པའི་སྣང་ཚུལ་ཁྲོད་སྤེལ་ནས་གྲུབ་འབྲས་ལོན་པར་རེ་བཞིན་ཡོད་པའི་ཚུལ་བསྟན། 

དེ་ལས་གཞན་ཕུའུ་ཅིན་གྱིས་མཱ་ཁི་ལུང་ལ་ཨུ་རུ་སི་དང་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་མཚམས་སྦྱོར་བྱས། ཨུ་རུ་སི་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་ཕན་ཚུན་བར་གྱི་གནད་དོན་རེ་འགར་གྲོས་བསྡུར་བྱས་པ་དང་། རིམ་པ་སོ་སོའི་འབྲེལ་འདྲིས་སྲུང་འཛིན་བྱེད་འདོད་ཡོད་པའི་ཚུལ་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།