སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་བཅའ་སྡོད་ཁྱབ་ཁོངས་རྒྱ་བསྐྱེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་ཉེར་དྲུག་ཉིན་བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ཀྱི་བཅའ་སྡོད་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། བྱང་ཕྱོགས་ཀྱི་མཐའ་མཚམས་གྲོས་ཁྱེར་གཙོ་བོ་ལཱ་སི་ཨེ་ཡུན་གྱི་སྲིད་འཛིན་དོ་དམ་ཁྱབ་ཁོངས་སུ་སོང་། མིག་སྔར་ལཱ་སི་ཨེ་ཡུན་གྲོང་ཁུལ་དང་ཉེ་འདབས་ཀྱི་ས་ཁོངས་མང་ཆེ་བ་ཐུར་ཁེའི་དམག་དཔུང་དང་དེར་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པར་ཚོད་འཛིན་བྱེད་བཞིན་ཡོད། 

སི་རི་ཡཱའི་སྲིད་གཞུང་དམག་དཔུང་ཚེས་ཉེར་དྲུག་ཉིན་ཧཱ་སེ་ཁི་ཞིང་ཆེན་གྱི་ཐེ་ལེ་ཐཱ་མུའུ་ཨར་གྲོང་རྡལ་ནས་ལཱ་སི་ཨེ་ཡུན་གྲོང་ཁྱེར་བར་གྱི་སྡེ་བ་བརྒྱད་དུ་བཅའ་སྡོད་བྱས་ཏེ། སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དུ་འབྱོར་ཡོད། 
བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་ལཱ་སི་ཨེ་ཡུན་གྲོང་ཁྱེར་ཉེ་འདབས་དང་གྲོང་ཁྱེར་དེའི་ཤར་ངོས་ཀྱི་ཏའེ་ཨར་པཱ་ཞི་ཡེ་གྲོང་ཁྱེར་བར་གྱི་སྡེ་བ་མང་བོར་མེ་སྒྱོགས་ཀྱིས་འཇབ་རྒོལ་བྱས་པ་དང་། ལཱ་སི་ཨེ་ཡུན་གྲོང་ཁྱེར་ཉེ་འདབས་ཀྱི་མེ་སྒྱོགས་འཇབ་རྒོལ་ལས་བུད་མེད་གཉིས་རྐྱེན་ལམ་དུ་ཤོར། དེ་ལས་གཞན་ཐུར་ཁེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་ཐེ་ལེ་ཐཱ་མུའུ་ཨར་གྲོང་རྡལ་གྱི་ནུབ་བྱང་ཕྱོགས་ཀྱི་སྡེ་བ་ནས་ཁུའུ་ཨར་ཏི་དྲག་ཆས་པ་གཙོ་བྱས་པའི་སི་རི་ཡཱའི་དམངས་གཙོའི་དམག་དཔུང་བར་འཁྲུག་རྩོད་བྱས་ཟེར། 

བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་དམག་དཔུང་གི་གྱེན་འཕུར་གནམ་གྲུའི་འགེབས་སྲུང་འོག་ཏུ། ཨ་མེ་རི་ཁའི་དམག་དཔུང་གི་རླངས་འཁོར་རུ་ཁག་ཅིག་ཚེས་ཉེར་དྲུག་ཉིན་དབྱི་རག་ནས་སི་རི་ཡཱའི་ཧཱ་སེ་ཁི་ཞིང་ཆེན་དུ་ཡོང་བ་དང་། རླངས་འཁོར་རུ་ཁག་དེས་ཨ་མེ་རི་ཁའི་དམག་མི་བཅུ་ཕྲག་འགའ་དྲུད་ཡོད་པ་དང་དམག་དོན་སྒྲིག་ཆས་ཆ་ཚང་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།