ཀྲུང་གོ་བོད་ཀྱི་དྲ་བ།

མནའ་མཐུན་མི་འཛུགས་པའི་ལས་འགུལ་གྱི་སྐབས་བཅོ་བརྒྱད་པའི་མཐོ་རིམ་གྲོས་ཚོགས་ནས་མཉམ་དུ་ཕྱོགས་མང་རིང་ལུགས་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་མནའ་མཐུན་མི་འཛུགས་པའི་ལས་འགུལ་གྱི་སྐབས་བཅོ་བརྒྱད་པའི་མཐོ་རིམ་གྲོས་ཚོགས་ཚེས་ཉེར་དྲུག་ཉིན་ཨ་སེ་པེད་ཅང་གི་རྒྱལ་ས་པཱ་ཁུའུ་ནས་གྲོལ། མཐོ་རིམ་གྲོས་ཚོགས་ནས་མནའ་མཐུན་མི་འཛུགས་པའི་ལས་འགུལ་གྱི་མ་འོངས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་པཱ་ཁུའུ་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ཞིང་། སྔར་ལས་ལྷག་པའི་སྒོ་ནས་རྩ་འཛུགས་དེའི་གསོན་ཤུགས་དང་བྱེད་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་ཡར་སྐུལ་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་ནན་བཤད་བྱས། 

མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་གཙོ་བོ་ཡིན་པའི་ཆ་ནས། པཱ་ཁུའུ་བསྒྲགས་གཏམ་གྱི་ནང་དོན་ལ་ཁོངས་གཏོགས་རྒྱལ་ཁབ་སོ་སོས་མུ་མཐུད་དུ་མནའ་མཐུན་མི་འཛུགས་པའི་ལས་འགུལ་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཧུར་ཐག་སྒོས་མིག་སྔའི་འཛམ་གླིང་གི་ཆབ་སྲིད་གནས་བབ་གསར་བའི་དངོས་ཡོད་དང་འཚམ་པར་བྱས་ཏེ། མནའ་མཐུན་མི་འཛུགས་པའི་ལས་འགུལ་གྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་བ་སོགས་འདུས། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་གཅིག་གྱུར་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། དྲང་བདེན་དང་བཟོད་སྒོམ། མངོན་གསལ། ནུས་ལྡན་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་ཅིག་འཛུགས་པར་བརྩོན་པའི་ཆོད་སེམས་བསྟན། 

བསྒྲགས་གཏམ་ལས་ནན་གྱིས་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་སོ་སོས་མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་དུ་གྱུར་བའི་ཕྱོགས་མང་མ་ལག་ལ་རྒྱབ་སྐྱོར་བྱས་ཤིང་། རྒྱལ་ཁབ་སོ་སོའི་མངའ་ཁོངས་ཆ་ཚང་ཡོང་བ་དང་བདག་དབང་འདྲ་མཉམ་ཡིན་པ། ཆབ་སྲིད་སྒེར་ཚུགས་ཡིན་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་སོགས་ཀྱི་རྩ་དོན་ལ་བརྩི་འཇོག་བྱ་དགོས་ཟེར། བསྒྲགས་གཏམ་ལས་ད་རུང་བསྟན་དོན། ཁོངས་གཏོགས་རྒྱལ་ཁབ་སོ་སོས་འབད་བརྩོན་ལྷོད་མེད་བྱས་ཏེ་མཉམ་དུ་རྣམ་པ་གང་རུང་གི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་ཟེར། 

སྐབས་འདིའི་མཐོ་རིམ་གྲོས་ཚོགས་སྟེང་། རྒྱལ་ཁབ་མི་ཉུང་བ་ཞིག་གི་འཐུས་མིས་གཏམ་བཤད་སྤེལ་ཏེ་ཕྱོགས་གཅིག་རིང་ལུགས་དང་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ་མཉམ་དུ་འཐབ་འཁྲུག་ལ་ངོ་རྒོལ་བྱ་དགོས་པར་མ་ཟད། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱ་དགོས་པའི་འབོད་སྐུལ་བཏང་། 

དབྱི་ལིང་གི་ཙུང་ཐུང་ལུའུ་ཧཱ་ནེ་ཡིས་མཐོ་རིམ་གྲོས་ཚོགས་སྟེང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་བརྩི་སྲུང་བྱ་དགོས་པའི་འབོད་སྐུལ་བཏང་། ཁོས་ཨ་མེ་རི་ཁའི་ཕྱོགས་གཅིག་རིང་ལུགས་ཀྱི་སྲིད་ཇུས་ཀྱིས་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཏུ་བཏང་ནས་འཐབ་འཁྲུག་བསླངས་པར་སྐྱོན་འཛུགས་བྱས། 

དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧཱ་ཅི་མུའུ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། རྒྱལ་སྤྱིའི་ཞི་བདེ་དེ་སྔར་བཞིན་འགྲན་རྩོད་གལ་ཆེན་ལ་འཕྲད་ཡོད་པ་དང་། ས་ཁུལ་གྱི་འཁྲུག་རྩོད་ལས་འཐབ་འཁྲུག་འབྱུང་བའི་ཉེན་ཁ་ཡོད་སྟབས། ངེས་པར་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་བཀག་འགོག་བྱ་དགོས་པ་དང་། རྒྱལ་ཁབ་གཞན་པའི་དམག་དོན་བཙན་བཟུང་ལ་རྒོལ་གཏམ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།