ཧན་གོའི་ཙུང་ལི་ལིས་ལོ་ཡོན་གྱིས་ཨན་པའེ་ཅིན་སན་ལ་ཝུན་ཙེ་ཡུན་གྱིས་དངོས་སུ་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རྒྱལ་སྲིད་ཙུང་ལི་ལིས་ལོ་ཡོན་གྱིས་ཚེས་ཉེར་བཞིའི་ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱེད་སྐབས། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་དངོས་སུ་བྲིས་པའི་འཕྲིན་ཡིག་བརྒྱུད་སྤྲོད་བྱས། འཕྲིན་ཡིག་ནང་དུ་ཧན་གོ་དང་འཇར་པན་གྱིས་སྔ་མོ་ནས་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་གཏོང་དགོས་པའི་དོན་གླེང་ཡོད། 

ལིས་ལོ་ཡོན་ཐེངས་འདིར་འཇར་པན་དུ་སོང་ནས་འཇར་པན་གྱི་གནམ་བསྐོས་གོང་མ་ཏི་རིན་གྱི་སྲིད་ཁྲིར་མངའ་གསོལ་གྱི་མཛད་སྒོར་ཞུགས་པ་རེད། ཁོས་ཚེས་ཉེར་བཞིའི་ཉིན་ཨན་པའེ་ཅིན་སན་དང་མཉམ་དུ་གསང་སྟབས་ཀྱིས་སྐར་མ་ཉེར་གཅིག་རིང་གྲོས་མོལ་བྱས། ཁོ་གཉིས་ཀྱིས་རིམ་པ་སོ་སོའི་གྲོས་མོལ་སྲུང་འཛིན་བྱས་ཏེ་སྔ་མོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཡིད་འཐད་བྱུང་། 

དེ་ནི་ཧན་གོའི་ཁྲིམས་ཁང་ཆེན་མོ་དང་ཆེས་མཐོའི་ཁྲིམས་ཁང་གིས་ན་ནིང་ཟླ་བཅུ་བ་ནས་ཟླ་བཅུ་གཅིག་པའི་བར་ཐེངས་གཉིས་ལ་འཇར་པན་གྱི་ཁེ་ལས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཧན་གོའི་ངལ་རྩོལ་པ་བཙན་བསྡུ་བྱས་པར་སྐྱིན་ཚབ་སྤྲོད་དགོས་པའི་ཁྲིམས་བཅད་བྱས་རྗེས་ཀྱི་རྒྱལ་ཁབ་གཉིས་ཀྱི་རིམ་པ་ཆེས་མཐོ་བའི་གྲོས་མོལ་ཞིག་རེད།

ཧན་གོའི་ཕྱི་འབྲེལ་པུའུ་ཡི་དཔོན་པོ་གཞོན་པ་དང་པོ་ཁྲའོ་ཧྲི་དབྱིན་གྱིས་བཤད་རྒྱུར། ལིས་ལོ་ཡོན་དང་ཨན་པའེ་ཅིན་སན་གྱིས་བལྟས་ན། ཧན་གོ་དང་འཇར་པན་ནི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོ་ཡིན་པས། ཕྱོགས་གཉིས་ཀྱིས་མིག་སྔའི་ཛ་དྲག་གི་འབྲེལ་བ་དེ་སྣང་མེད་དུ་བསྐྱུར་མི་རུང་བར་འདོད། དོན་དེར་མཚོན་ན་རྒྱལ་ཁབ་གཉིས་ཀྱིས་རིམ་པ་སོ་སོའི་གྲོས་མོལ་ལ་སྐུལ་འདེད་བཏང་སྟེ་སྔ་མོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་ཡིད་འཐད་བྱུང་ཡོད། 

ཕྱོགས་གཉིས་ཀྱིས་ད་རུང་དམངས་ཁྲོད་ཀྱི་བརྗེ་རེས་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། 

འཇར་པན་ཕྱི་འབྲེལ་པུའུ་ཡིས་བཤད་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་ལིས་ལོ་ཡོན་ལ་བཤད་རྒྱུར། འཇར་པན་གྱིས་ཧན་གོ་ནི་ཁྱིམ་མཚེས་རྒྱལ་ཁབ་གཙོ་བོར་བརྩིས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་གཏོང་མི་རུང་། ཡིན་ཡང་ཧན་གོ་ཕྱོགས་ཀྱིས་ངེས་པར་དུ་སྔོན་ལ་དམ་བཅའ་བརྩི་སྲུང་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པར་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།