ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་སི་རི་ཡཱ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་དེ་དབྱི་རག་ཏུ་བཀོད་སྒྲིག་བྱེད་སྲིད་པ་ཁས་ལེན་མ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་ཚེས་ཉེར་གསུམ་ཉིན་དབྱི་རག་ཏུ་འཚམས་འདྲི་བྱས་པ་དང་། ཁོས་དབྱི་རག་གི་ཙུང་ལི་ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་ལ་ཐུག་འཕྲད་བྱེད་སྐབས་སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་མི་སྟོང་གཅིག་ཙམ་ཡོད་པ་དེ་དབྱི་རག་ཏུ་བཀོད་སྒྲིག་བྱེད་སྲིད་པ་ཁས་ལེན་མ་བྱས། 

དབྱི་རག་གི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་པུའུ་ཏུའུ་ལེ་མེད་ཧི་ཏིས་དང་ཨེ་སི་པའོ་གཉིས་ཀྱིས་ཐུག་འཕྲད་བྱེད་སྐབས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་། མུ་མཐུད་དུ་མཉམ་ལས་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ། སི་རི་ཡཱའི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། ཨེ་སི་པའོ་ཡིས་བསྟན་དོན སི་རི་ཡཱ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་མི་དབྱི་རག་གི་མངའ་ཁོངས་བརྒྱུད་པར་དབྱི་རག་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས་པ་དང་། སི་རི་ཡཱ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་དཔུང་དེ་དབྱི་རག་ཏུ་བཀོད་སྒྲིག་བྱེད་སྲིད་པའི་འབྲེལ་ཡོད་གནས་ཚུལ་གང་ཡིན་རྫུན་གཏམ་ཁོ་ན་ཡིན་ཟེར། 

ཨེ་སི་པའོ་ཡིས་ཉིན་དེར་དབྱི་རག་གི་རྒྱལ་སྲུང་བློན་ཆེན་ཧྲ་མཱ་ལི་ལ་ཐུག་འཕྲད་བྱས། ཧྲ་མཱ་ལི་ཡིས་ཐུག་འཕྲད་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། སི་རི་ཡཱའི་བྱང་ཤར་ས་ཁུལ་ནས་ཕྱིར་འཐེན་བྱས་པའི་ཨ་མེ་རི་ཁའི་དམག་མི་དག་གཟའ་འཁོར་བཞིའི་ནང་དབྱི་རག་དང་འབྲལ་རྒྱུ་ཡིན་པ་དང་། དེའི་རྗེས་སུ་ཁི་ཝེ་ཐི་དང་ཁཱ་ཐར། ཡང་ན་ཨ་མེ་རི་ཁའི་མངའ་ཁོངས་བཅས་སུ་བཀོད་སྒྲིག་བྱེད་རྒྱུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།