ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ཚན་ཆུང་གིས་ཧི་ཐེ་ཏཱ་གྲོང་ཁུལ་ནས་ལྟ་ཞིབ་ས་ཚིགས་ལྔ་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཚེས་ཉེར་གསུམ་ཉིན་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོ་བྱེད་པའི་ཚན་ཆུང་གིས་ཡེ་མིན་གྱི་མཚོ་དམར་འགྲམ་གྱི་གྲོང་ཁྱེར་ཧི་ཐེ་ཏཱའི་གྲོང་ཁུལ་དུ་ལྟ་ཞིབ་ས་ཚིགས་ལྔ་བཀོད་སྒྲིག་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་པ་དང་། ལྟ་ཞིབ་ས་ཚིགས་དེ་དག་གིས་མིག་སྔར་རྒྱུན་ལྡན་ངང་བྱ་བ་སྤེལ་བཞིན་ཡོད་ཟེར། 

ཡེ་མིན་སྲིད་གཞུང་དམག་དཔུང་གི་མགྲིན་ཚབ་པ་ཏིས་པེད་ཞེ་ཡིས་གསར་འགོད་པར་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ཚན་ཆུང་གིས་ཚེས་བཅུ་དགུ་ཉིན་ནས་བཟུང་ཧི་ཐེ་ཏཱའི་གྲོང་ཁྱེར་ནང་ཁུལ་ས་ཁུལ་མི་འདྲ་བར་ལྟ་ཞིབ་ས་ཚིགས་བཀོད་སྒྲིག་བྱེད་མགོ་བརྩམས། དེ་རིང་ལྟ་ཞིབ་ས་ཚིགས་ལྔ་བ་བཀོད་སྒྲིག་བྱས་ཏེ། ལྟ་ཞིབ་ས་ཚིགས་ཚང་མས་འཁྲུག་རྩོད་མཚམས་བཞག་པའི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱེད་མགོ་བརྩམས་ཡོད་ཟེར། 

ཏིས་པེད་ཞེ་ཡིས་བསྟན་དོན། ལྟ་ཞིབ་ས་ཚིགས་དེ་དག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧི་ཐེ་ཏཱའི་རོགས་སྐྱོར་གྲོས་མཐུན་ཆེད་མངག་ཚོགས་པའི་ཚོགས་གཙོ་ཀུའུ་ཧཱ་དང་དེ་མིན་ཡེ་མིན་སྲིད་གཞུང་གི་དམག་དཔུང་དང་ཧུའུ་སེ་དྲག་ཆས་པ་ཕྱོགས་གཉིས་ཀྱི་འཐུས་མི་བཅས་ཀྱི་ལྟ་རྟོག་འོག་བཀོད་སྒྲིག་བྱས་པ་རེད། ཡེ་མིན་སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་སོ་སོར་ལྟ་ཞིབ་ས་ཚིགས་སོ་སོར་འབྲེལ་གཏུག་མི་སྣ་བརྒྱད་མངག་ཡོད་པ་དང་། ཁོ་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣ་དང་མཉམ་དུ་འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ལས་འགན་ལག་བསྟར་བྱེད་རྒྱུ་རེད་ཟེར།
ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་ཀྱང་ཉིན་དེར་ཧི་ཐེ་ཏཱ་གྲོང་ཁྱེར་དུ་ལྟ་ཞིབ་ས་ཚིགས་ལྔ་བཀོད་སྒྲིག་ཡོངས་འགྲུབ་བྱས་པའི་ཚུལ་བསྟན། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡེ་མིན་གནད་དོན་གྱི་ཆེད་མངག་ཕོ་ཉ་ཀི་ལི་ཧྥེ་སི་ཡིས་ཚེས་ཉེར་གསུམ་ཉིན་དོན་དེར་དགའ་བསུ་ཞུ་བའི་ཚུལ་བསྟན། ཁོས་བཤད་རྒྱུར། འཁྲུག་རྩོད་མཚམས་བཞག་པར་ལྟ་རྟོག་བྱེད་པའི་ལྟ་ཞིབ་ས་ཚིགས་བཀོད་སྒྲིག་བྱས་ན་ཧི་ཐེ་ཏཱའི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བར་ཕན་ཐོགས་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།