ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གིས་ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་བཟོད་སྒོམ་བརྗེད་ཐོ་བཀོད་པར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གིས་ཚེས་ཉེར་གསུམ་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་མུའུ་སཱ་ཝེ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་བཀོད་པའི་བཟོད་སྒོམ་བརྗེད་ཐོར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན། 

མུའུ་སཱ་ཝེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་ལིང་གིས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པར་ཕན་ཐོགས་པ་དང་། ས་དེའི་ཞི་བདེ་སླར་གསོ་བྱེད་པའི་བྱེད་ཐབས་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་དང་ཐུར་ཁེ་ཡིས་བཀོད་པའི་བཟོད་སྒོམ་བརྗེད་ཐོ་དེ་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་ཕན་ཐོགས་ཡོད་ཟེར། དབྱི་ལིང་གིས་བྱ་སྤྱོད་དེ་ལས་ཐུར་ཁེའི་བདེ་འཇགས་ཐད་ཀྱི་སེམས་ཁུར་ཐག་གཅོད་བྱེད་པ་དང་ཞོར་དུ་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་འགན་སྲུང་ཐུབ་པའི་རེ་བ་ཡོད་ཟེར། 

མུའུ་སཱ་ཝེ་ཡིས་བསྟན་དོན། དབྱི་ལིང་གིས་ནམ་རྒྱུན་ཞི་བདེའི་གྲོས་མོལ་དང་ཞི་བདེའི་ཐབས་ལམ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་རྒྱལ་གྱི་དམག་དོན་སྟོབས་ཤུགས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་བཀོད་སྒྲིག་བྱས་པ་ལས་ས་ཁུལ་དེར་བདེ་འཇགས་འབྱུང་མི་སྲིད་པར་བསམ་ཡོད་ཟེར། 

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཉིས་ཉིན་སོ་ཆི་ནས་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་དང་གྲོས་མོལ་བྱས་ཏེ། སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་གྱི་གནས་བབ་ཐད་ནས་བཟོད་སྒོམ་བརྗེད་ཐོ་བཀོད། བཟོད་སྒོམ་བརྗེད་ཐོའི་ནང་དོན་ལ་ཕྱོགས་གཉིས་ཀྱིས་སི་རི་ཡཱའི་བདག་དབང་དང་མངའ་ཁོངས་ཆ་ཚང་ཡོང་བར་སྲུང་སྐྱོབ་བྱེད་པ་དང་། ཐུར་ཁེའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་ཁས་ལེན་བྱས་ཤིང་། སི་རི་ཡཱའི་མངའ་ཁོངས་སུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་དྲག་པོ་བཏང་ནས་ཁ་བྲལ་གཡོ་ཇུས་ལ་ངོ་རྒོལ་བྱེད་པ། མཉམ་དུ་ཡུལ་གྱར་བ་དག་བདེ་འཇགས་དང་རང་འགུལ་སྒོས་ཕྱིར་རང་ཡུལ་དུ་ལོག་པའི་ཐད་འབད་འབུངས་བྱེད་པ་བཅས་འདུས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།