ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་ཐེབས་ཏེ་ཉེན་རྟོག་པ་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར་ཐཱ་ལེ་པན་གྱི་དྲག་ཆས་པའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་ས་གནས་ཉེན་རྟོག་པ་བཅོ་ལྔ་རྐྱེན་ལམ་དུ་ཤོར་ཟེར། 

ཁོན་ཏུའུ་ཧྲི་ཞིང་ཆེན་གྱི་དཔོན་པོ་ཨ་ཡུག་པུས་ཀྱིས་གསར་འགོད་པར་བཤད་རྒྱུར། ཚེས་ཉེར་གཉིས་ཉིན་གྱི་ཞོགས་པར། ཐཱ་ལེ་པན་གྱི་དྲག་ཆས་ཉེས་ཅན་བཅུ་ལྷག་གིས་ཞིང་ཆེན་དེའི་ཨ་ལི་ཨ་པཱ་ཏི་ས་ཁལ་གྱི་བདེ་འཇགས་ཞིབ་བཤེར་ས་ཚིགས་ཤིག་ལ་འཇབ་རྒོལ་བྱས་པ་དང་། ཞིབ་བཤེར་ས་ཚིགས་སྲུང་བའི་ས་གནས་ཉེན་རྟོག་པའི་བར་འཁྲུག་རྩོད་དྲག་པོ་བྱུང་། དུས་ཚོད་འགའ་འགོར་བའི་འཁྲུག་རྩོད་ལས་ཉུང་མཐར་ཡང་ཉེན་རྟོག་པ་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། ཉེན་རྟོག་པ་གཉིས་ལ་རྨས་ཕོག གཞན་ཡང་དྲག་ཆས་ཉེས་ཅན་བརྒྱད་བསད་ཡོད། རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།