དབྱིན་ཇིའི་གྲོས་ཁང་གིས་ཡའོ་ཧན་ཞོན་གྱི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཁྲིམས་འཛུགས་དུས་ཚོད་རེའུ་མིག་ལ་ཁས་ལེན་མ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇིའི་གྲོས་ཁང་ཞོལ་མས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་འདེམ་ཤོག་འཕངས་ཏེ་དབུ་བཞུགས་བློན་ཆེན་ཡའོ་ཧན་ཞོན་གྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ལ་དབྱིན་ཇིའི་གྲོས་ཁང་ནས་གྲོས་འཆམ་འབྱུང་བར་སྐུལ་འདེད་གཏོང་ཆེད་གཏན་འབེབས་བྱས་པའི་ཁྲིམས་འཛུགས་དུས་ཚོད་རེའུ་མིག་ལ་ཁས་ལེན་མ་བྱས། དེ་ལས་དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཡུན་ཚད་ཇེ་རིང་དུ་འགྲོ་སྲིད་པ་མཚོན་ཡོད། 

དབྱིན་ཇིའི་གྲོས་ཁང་ཞོལ་མས་ཉིན་དེའི་དགོང་མོར་འདེམ་ཤོག་འཕེན་པའི་བྱ་འགུལ་ཐེངས་དང་པོ་ལས་འདེམ་ཤོག་སུམ་བརྒྱ་དང་ཉེར་དགུ་ཡིས་རྒྱབ་སྐྱོར་བྱས་པ་དང་། འདེམ་ཤོག་ཉིས་བརྒྱ་དང་གོ་དགུ་ཡིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་བཅའ་ཁྲིམས་འཆར་ཟིན་ལ་རྩ་བའི་ཐོག་ནས་གྲོས་འཆམ་བྱུང་ཡང་། དེའི་རྗེས་སུ་སྤེལ་བའི་ཐེངས་གཉིས་པའི་འདེམ་ཤོག་འཕེན་སྐབས་འདེམ་ཤོག་སུམ་བརྒྱ་དང་ཉེར་གཉིས་ཀྱིས་ངོ་རྒོལ་བྱས་པ་དང་། འདེམ་ཤོག་སུམ་བརྒྱ་དང་བརྒྱད་ཀྱིས་རྒྱབ་སྐྱོར་བྱེད་པའི་མཇུག་འབྲས་ཀྱིས་སྲིད་གཞུང་གིས་སྤྲད་པའི་གྲོས་གཞིར་ཁས་ལེན་མ་བྱས། གྲོས་གཞི་དེ་ལས་གྲོས་ཁང་གིས་ཉིན་གསུམ་ནང་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་ཏེ་མཇུག་མཐའི་བརྡས་གཅོད་བྱ་བ་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན་ཡོད། 

དབྱིན་ཇིའི་སྲིད་གཞུང་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་བཅུ་བདུན་ཉིན་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གསར་བ་ཞིག་ལ་གྲོས་མཐུན་བཀོད། ཡིན་ཡང་དབྱིན་ཇིའི་གྲོས་ཁང་ཞོལ་མས་ཚེས་བཅུ་དགུའི་ཉིན་གྲོས་མཐུན་བཀོད་པའི་གནད་འགག་གི་བཟོ་བཅོས་འཆར་ཟིན་ལྟར་ན། དབྱིན་ཇིའི་སྲིད་གཞུང་གིས་སྔོན་ལ་ངེས་པར་དུ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་ཁྲོད་ཀྱི་འབྲེལ་ཡོད་ནང་དོན་གྱི་ཁྲིམས་འཛུགས་ལས་རིམ་ཡོངས་འགྲུབ་བྱས་ན། ད་གཟོད་གྲོས་མཐུན་དེ་གྲོས་ཁང་ལ་སྤྲད་ནས་བརྡས་ཐག་གཅོད་དུ་བཅུག་ཆོག་པར་བྱས། དེ་བས་ཡའོ་ཧན་ཞོན་སྲིད་གཞུང་གིས་ཚེས་ཉེར་གཅིག་ཉིན་གྲོས་ཁང་ལ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་བཅའ་ཁྲིམས་འཆར་ཟིན་སྤྲད་དེ་བཟོ་བཅོས་འཆར་ཟིན་དངོས་འབེབ་བྱེད་དགོས་པའི་རེ་བ་བཏོན། 

ཚེས་ཉེར་གཉིས་ཉིན་གྱི་དགོང་མོའི་འདེམ་ཤོག་འཕངས་པའི་མཇུག་འབྲས་ཁྱབ་སྒྲོག་བྱས་རྗེས་ཡའོ་ཧན་ཞོན་གྱིས་དོན་དེར་ཡིད་འཕང་བའི་ཚུལ་བསྟན། ཁོས་བཤད་རྒྱུར། སྲིད་གཞུང་གིས་བཏོན་པའི་ཁྲིམས་འཛུགས་དུས་ཚོད་རེའུ་མིག་ལ་ངོ་རྒོལ་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་ཡུན་ཚད་ཇེ་རིང་དུ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་གཅིག་མཚུངས་ཡིན་ལ། དེས་ལས་དབྱིན་ཇི་ལ་གཏན་འཇགས་མིན་པའི་གནས་ཚུལ་འབྱུང་དུ་འཇུག་སྲིད་ཟེར། ཁོས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཁྲིམས་འཛུགས་ལས་རིམ་མཚམས་བཞག་སྟེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་རྣམ་འགྱུར་ཅི་སྟོན་པར་སྒུག་ངེས་ཡིན་ཟེར། 

ཡའོ་ཧན་ཞོན་གྱིས་ཉིན་དེའི་འདེམ་ཤོག་མ་འཕངས་གོང་བསྟན་དོན། ཁོས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་དུས་ལྟར་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་གྱི་ཁྲིམས་འཛུགས་དུས་ཚོད་རེའུ་མིག་ལ་ཁས་ལེན་མ་བྱས་པར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡུན་ཚད་ཇེ་རིང་དུ་གཏོང་བར་ཡིད་འཐད་བྱུང་ན། ཁོས་ཡོ་རོབ་གླིང་མནའ་འབྲེལ་དང་འབྲལ་བའི་གྲོས་མཐུན་བཅའ་ཁྲིམས་འཆར་ཟིན་རྩིས་མེད་དུ་བཏང་སྟེ། སྔར་སྣུར་གྱིས་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།