ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཅིབ་ཏུ་སྡོད་པའི་འཐུས་མིས་ཨེ་ཅིབ་ཀྱིས་བདེ་ཐང་བཟའ་བཏུང་གནད་དོན་ལ་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཅིབ་ཏུ་སྡོད་པའི་འཐུས་མི་ཨ་ལཱ་མེན་གྱིས་ཚེས་བཅུ་དྲུག་ཉིན་བསྟན་དོན། ཨེ་ཅིབ་ཀྱིས་རྒྱལ་དམངས་ཀྱི་འཚོ་བཅུ་མི་འདང་བ་དང་བདེ་ཐང་བཟའ་བཏུང་གནད་དོན་ལ་དོ་སྣང་བྱས་ཏེ། ཤུགས་ཆེན་པོས་རྒྱུན་མཐུད་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨེ་ཅིབ་ཏུ་སྡོད་པའི་འཐུས་མིའི་ཁྲུའུ་ཡིས་ཚེས་བཅུ་དྲུག་ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོ་ནས་འཛམ་གླིང་འབྲུ་རིགས་ཉིན་མོའི་བྱ་འགུལ་སྤེལ། ཨ་ལཱ་མེན་གྱིས་བྱ་འགུལ་དེའི་སྟེང་བསྟན་དོན། ཨེ་ཅིབ་ཏུ་ལོ་ལྔའི་མན་གྱི་བྱིས་པའི་ཁྲོད་འཚོ་བཅུད་མི་འདང་བའི་བསྡུར་ཚད་ནི་བརྒྱ་ཆའི་སོ་ལྔ་ཡིན་པ་དང་། མི་དར་མར་ཚོ་བུད་ནས་ལྗིད་ཚད་ལས་བརྒལ་བའི་སྣང་ཚུལ་དེ་ཀུན་གྱིས་སེམས་ཁུར་བྱེད་པའི་ཆུ་ཚད་དུ་བསླེབ་ཡོད། ལྟོགས་སྐོམ་ཐག་གཅོད་དང་འབྲུ་རིགས་བདེ་འཇགས་གནད་དོན་ལ་བསྡུར་ན། ཨེ་ཅིབ་ཀྱིས་བདེ་ཐང་གི་བཟའ་བཏུང་ལ་འགན་སྲུང་བྱེད་པའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ལ། ཁྱད་པར་དུ་བུད་མེད་དང་བྱིས་པའི་འཚོ་བཅུད་མི་འདང་བ་དང་བདེ་ཐང་གི་བཟའ་བཏུང་གནད་དོན་ལ་འགན་སྲུང་བྱེད་དགོས་ཟེར།

ཨ་ལཱ་མེན་གྱིས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་དང་ཞིང་ལས་ཐོན་སྐྱེད་བྱེད་ཐབས་མི་ལེགས་པ་ལས་བཟོས་པའི་ཐོན་ཁུངས་ཆུད་ཟོས་ལས་སྐྱེ་དངོས་སྣ་མང་ཅན་ལ་གཏོར་བརླག་ཐེབས་ཡོད་ཟེར། ཁོས་ཤུགས་ཆེན་པོས་སྣ་མང་ཅན་གྱི་འདེབས་འཛུགས་འཕེལ་རྒྱས་སུ་བཏང་ན། བདེ་ཐང་དང་འཚོ་བཅུད་ལྡན་པའི་ཟས་རིགས་ཀྱི་མཁོ་འདོན་ལ་འགན་སྲུང་བྱེད་ཐུབ་པར་མ་ཟད། ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཡང་ཕན་ཐོགས་ཡོད་ཟེར། 

ཨེ་ཅིབ་ཀྱི་ཞིང་ལས་དང་ས་ཞིང་བསྒྱུར་བཀོད་ཀྱི་པུའུ་ཀྲང་ཧྲི་ཐེ་ཐི་ཡིས་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨེ་ཅིབ་ཀྱི་མི་ས་ཡ་བདུན་ལྷག་ཚོ་བུད་ནས་ལྗིད་ཚད་ལས་བརྒལ་བའི་གནད་དོན་ཡོད་པ་དང་། སྲིད་གཞུང་གིས་བདེ་ཐང་གི་བཟའ་བཏུང་མ་ལག་འཛུགས་པར་སྐུལ་འདེད་གཏོང་དགོས་པར་མ་ཟད། ལུས་རྩལ་སྦྱོང་བརྡར་དར་སྤེལ་བྱས་ཏེ་རྒྱལ་དམངས་ལ་ཁེ་ཕན་ཐོབ་པར་བྱེད་དགོས་ཟེར། 

ཧྲི་ཐེ་ཐི་ཡིས་བསྟན་དོན། ཨེ་ཅིབ་ཀྱི་ཞིང་ལས་དང་ས་ཞིང་བསྒྱུར་བཀོད་པུའུ་དང་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་མཉམ་ལས་བྱེད་བཞིན་ཡོད་ལ། ཨེ་ཅིབ་དབུལ་ཕོངས་ས་ཁུལ་གྱི་བུད་མེད་དང་བྱིས་པའི་བཟའ་བཏུང་ལེགས་བཅོས་བྱས་ནས་བདེ་ཐང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་ཡིན། མིག་སྔར་ཕྱོགས་གཉིས་ཀྱིས་མཉམ་ལས་བྱས་ཏེ་ཨེ་ཅིབ་ཀྱི་ཞིང་ཆེན་ལྔ་ནས་འཚོ་བཅུད་ལེགས་བཅོས་ལས་གཞི་ལག་བསྟར་བྱས་པ་དང་། གཙོ་བོ་འབྲུ་རིགས་ཀྱི་སྣ་མང་ཅན་དང་ཞིང་ལས་ཐོན་སྐྱེད་བྱེད་ཐབས་ལེགས་བཅོས་བྱེད་པ་སོགས་ལ་དོ་སྣང་བྱེད་བཞིན་ཡོད་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།