ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧེ་ཐིའི་ཞི་བདེ་སྲུང་སྐྱོབ་ལས་འགན་ཡོངས་འགྲུབ་བྱས་པ་དང་རྗེས་མཐུད་ཀྱི་ཆབ་སྲིད་ཆེད་མངག་ཚོགས་པས་བྱ་བ་སྤེལ་མགོ་བརྩམས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཁྲིམས་འཛིན་རོགས་སྐྱོར་ཚོགས་པའི་འགན་ཡུན་ཚེས་བཅོ་ལྔ་ཉིན་ལོངས་པ་དང་། དེ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ལོ་ངོ་བཅོ་ལྔའི་ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཡོངས་སུ་མཇུག་སྒྲིལ་བ་མཚོན་ཡོད། གསར་དུ་བཙུགས་པའི་རྗེས་མཐུད་ཀྱི་ཆབ་སྲིད་ཆེད་མངག་ཚོགས་པས་ཚེས་བཅུ་དྲུག་ཉིན་ནས་བཟུང་བྱ་བ་སྤེལ་མགོ་རྩོམ་རྒྱུ་རེད། 

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཁྲིམས་འཛིན་རོགས་སྐྱོར་ཚོགས་པའི་བྱ་བའི་ཐད་ནས་ཆེས་མཇུག་མཐའི་གྲོས་ཚོགས་ཚོགས་འདུ་བསྡུས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་ལས་དོན་གྱི་འགན་ཁུར་བའི་དྲུང་ཡིག་ཆེན་མོ་གཞོན་པ་ལཱ་ཁི་ལུའུ་ཝ་ཡིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། ཞི་བདེ་སྲུང་སྐྱོབ་འགུལ་སྐྱོད་ཀྱིས་འདས་པའི་ལོ་ངོ་བཅོ་ལྔའི་ནང་ཧེ་ཐིའི་ཁྱབ་ཁོངས་མང་བོ་ནས་གྲུབ་འབྲས་བླངས་ཡོད་ཀྱང་། ཧེ་ཐི་ལ་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་མཁོ་བའི་དངོས་ཡོད་དེ་བསྒྱུར་ཐབས་མེད་ཟེར། 

ལཱ་ཁི་ལུའུ་ཝ་ཡིས་བསྟན་དོན། མིག་སྔར་ཧེ་ཐི་ཆབ་སྲིད་ཀྱི་ཉམས་ཉེན་ཆེན་མོར་འཕྲད་ཡོད་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྲན་རྩོད་མང་བས་གཏན་འཇགས་མིན་པའི་རང་བཞིན་སྔར་ལས་ཇེ་དྲག་ཏུ་སོང་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གསར་དུ་བཙུགས་པའི་རྗེས་མཐུད་ཀྱི་ཆབ་སྲིད་ཆེད་མངག་ཚོགས་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཧེ་ཐིའི་ཕྱོགས་བསྡུས་དོན་གཅོད་ཁང་བརྒྱུད་དེ། མུ་མཐུད་དུ་ཧེ་ཐི་ལ་རྒྱབ་སྐྱོར་བྱས་ནས་བདེ་འཇགས་འགྲན་རྩོད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

གཞི་གྲངས་ལས་མངོན་པ་ལྟར་ན། ཉིས་སྟོང་བཞི་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམག་དོན་དང་ཉེན་རྟོག་པའི་ཞི་བདེ་སྲུང་སྐྱོབ་མི་སྣ་འབུམ་གཅིག་དང་ཁྲི་གཅིག་གིས་སྔ་གཞུག་ཏུ་ཧེ་ཐི་ནས་ལས་འགན་ལག་བསྟར་བྱས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དོན་ལྔ་ཡིས་ཧེ་ཐི་ལ་དམག་མི་དང་ཉེན་རྟོག་པ་མངག་གཏོང་བྱས་ཡོད། དེའི་སྐབས་སུ་བསྡོམས་པས་དམག་དོན་དང་ཉེན་རྟོག་པ། རིག་གནས་བྱ་བ་བྱེད་མཁན་གྱི་ཞི་བདེ་སྲུང་སྐྱོབ་མི་སྣ་བརྒྱ་དང་གྱ་བརྒྱད་ཀྱིས་རང་སྲོག་བློས་བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།