ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་དེ་བཞིན་ཀྲུང་གོ་དང་ཅེ་ཁེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ70འཁོར་བའི་བགྲོ་གླེང་ཚོགས་འདུ་ཕུ་རག་ཏུ་འཚོགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-10-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་དེ་བཞིན་ཀྲུང་གོ་དང་ཅེ་ཁེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བའི་བགྲོ་གླེང་ཚོགས་འདུ་ཉིན་ཤས་གོང་ཅེ་ཁེའི་རྒྱལ་ས་ཕུ་རག་ཏུ་འཚོགས་ཤིང་། ཀྲུང་གོ་དང་ཅེ་ཁེའི་རིགས་གཅིག་མཁས་ཅན་མཉམ་དུ་འཛོམས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དང་དེ་བཞིན་ཀྲུང་གོ་དང་ཅེ་ཁེ་དབར་གྱི་འབྲེལ་བའི་འཕེལ་རྒྱས་སྐོར་ལ་བགྲོ་གླེང་བྱས་པ་རེད། 

ཅེ་ཁེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཅན་མིན་གྱིས། ཕྱི་འབྲེལ་བཙུགས་ནས་ལོ་ངོ་70ཡི་རིང་། ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་པོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་འགྲིབ་བྱུང་ནའང་། མཛའ་གྲོགས་མཉམ་ལས་ནི་ཐོག་མཐའ་བར་གསུམ་གྱི་བརྗོད་དོན་གཙོ་བོ་རེད། ཀྲུང་གོ་ཕྱོགས་ཀྱིས་ཅེ་ཁེ་སྲིད་གཞུང་དང་དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་དང་མཉམ་དུ་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་ལ་སྐུལ་མ་གཏོང་བའི་རྨང་གཞིའི་ཐོག་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད། 

ཅེ་ཁེའི་ཙུང་ལི་ཟུར་པ་སོ་པོ་ཐེ་ཁས། ཅེ་ཁེ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་དང་ལེགས་བཅོས་ལ་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཅེ་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འགྲོ་ལམ་དོན་གཉེར་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་རེད། འཛམ་གླིང་གི་དུས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་འོག་རྒྱལ་ཁབ་གཉིས་ཀྱིས་མཉམ་དུ་འགྲན་སློང་གསར་པར་ཁ་གཏད་གཅོག་དགོས། སྲོལ་རྒྱུན་གྱི་ཚོང་དོན་དང་ཡུལ་སྐོར་ཁྱབ་ཁོངས་ཙམ་མ་ཟད། ཀྲུང་གོ་དང་ཅེ་ཁེ་རྒྱལ་ཁབ་གཉིས་ཀྱིས་ད་དུང་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། སྨན་བཅོས། ལུས་རྩལ་སོགས་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ངེས་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།