ཨ་ཧྥུའུ་ཧན་བྱང་ཕྱོགས་ས་ཁུལ་ནས་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི་བདུན་རྐྱེན་ལམ་དུ་ཤོར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མཁའ་དམག་གི་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་བྱང་ཕྱོགས་ཀྱི་པཱ་ཨར་ཧི་ཞིང་ཆེན་ལྟེ་གནས་ཀྱི་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་ཉེ་འདབས་སུ་སར་ལྷུང་ནས། ཨ་ཧྥུའུ་ཧན་གྱི་དམག་མི་བདུན་རྐྱེན་ལམ་དུ་ཤོར་ཟེར། 

མིང་བཤད་མི་འདོད་པའི་ས་དེའི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་མཁའ་དམག་གི་གྱེན་འཕུར་གནམ་གྲུ་དེ་ནི་ཉིན་དེའི་ཕྱི་དྲོར་མཱ་ཀྲ་ལི་ཧྲ་ལི་ཧྥུའུ་ཉེ་འདབས་ས་ཁུལ་དུ་སར་ལྷུང་བ་དང་། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་དེའི་རྗེས་སུ་གནམ་གྲུ་སར་ལྷུང་སའི་ས་ཁོངས་དེ་བཀག་སྡོམ་བྱས་ཡོད་ཟེར། ཉེན་རྟོག་དཔོན་པོ་དེས་བཤད་རྒྱུར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་གྱེན་འཕུར་གནམ་གྲུ་དེའི་སྟེང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། ས་ངོས་ཀྱི་མི་སྣར་ཤི་རྨས་བཟོས་མེད་ཟེར། 

ཨ་ཧྥུའུ་ཧན་གྱི་རྒྱལ་དམངས་དམག་དཔུང་གི་དཔོན་པོ་ཧའོ་ཏཱ་དབྱེ་ཡིས་གསར་འགོད་པར་བཤད་རྒྱུར། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་གནམ་གྲུ་སར་ལྷུང་བའི་དོན་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། མིག་སྔར་ཁ་ཚོན་བཅད་ཆོག་པ་ཞིག་ནི་གྱེན་འཕུར་གནམ་གྲུ་དེར་གཞན་གྱི་དཔུང་འཇུག་ཐེབས་མེད་ཟེར། 

ཨ་ཧྥུའུ་ཧན་ནས་བསྒྲགས་པ་ལྟར་ན། གྱེན་འཕུར་གནམ་གྲུ་དེས་འཕུར་རྩལ་སྦྱོང་བརྡར་བྱེད་སྐབས་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་བ་དང་། ཁ་ལོ་བས་བཙན་གྱིས་སར་འབབ་རྩིས་བྱེད་སྐབས་གནམ་གྲུ་སར་ལྷུང་བ་རེད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།