ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་ཐུར་ཁེའི་དམག་དོན་འགུལ་སྐྱོད་ལས་མི་འབུམ་གཉིས་དང་ཁྲི་བདུན་ལྷག་ཡུལ་འཁྱམས་བྱེད་དགོས་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་ཆབ་སྲིད་འཐུས་མིའི་ལས་ཁུངས་ཀྱིས་ཚེས་བཅོ་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ལས་ས་དེའི་མི་འབུམ་གཉིས་དང་ཁྲི་བདུན་སྟོང་ལྔ་ལྷག་ཡུལ་འཁྱམས་བྱེད་དགོས་བྱུང་བ་དང་། དེའི་ནང་བྱིས་པ་ཁྲི་བདུན་ཙམ་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཡུལ་འཁྱམས་བྱེད་མཁན་མང་ཆེ་བ་ནི་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་དང་བྱང་ཕྱོགས་ཀྱི་ལཱ་ཁཱ་ཞིང་ཆེན་ནས་ཡོང་བ་རེད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་མེད་པ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྩ་འཛུགས་མང་བོས་ས་དེའི་བྱ་འགུལ་མཚམས་བཞག་ཡོད་སྟབས། ཡུལ་འཁྱམས་པ་མང་བོ་ཉིན་མཚན་མེད་པར་སྲང་ལམ་དུ་སྡོད་པ་དང་ཡང་ན་གནས་སྐབས་སུ་སློབ་གྲྭའི་ནང་བཀོད་སྒྲིག་བྱས་ཡོད། དེ་ལས་གཞན་འཁྲུག་རྩོད་ས་ཁུལ་གྱི་སྨན་བཅོས་ལས་ཁུངས་མང་བོས་ལས་མཚམས་བཞག་པས། ནད་པ་དང་རྨས་མ་མང་བོར་དུས་ལྟར་གསོ་བཅོས་བྱེད་ཐབས་མེད་པ་རེད་ཟེར། 

གསལ་སྒྲོག་ལས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ། ཡོ་རོབ་གླིང་མནའ་འབྲེལ་སོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ནས། སྨན་བཅོས་དང་དངོས་རྫས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས་ཏེ། ས་དེའི་མི་ཆོས་རིང་ལུགས་ཀྱི་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།