ཐུར་ཁེ་ཡིས་མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དཔུང་འཇུག་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་ཡིས་ཚེས་བཅུ་གསུམ་ཉིན་སི་རི་ཡཱའི་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་མཁར་གྲོང་ཐེ་ལེ་ཨེ་པུའུ་ཡེ་ཏི་བཙན་བཟུང་བྱས་ཏེ་གཞུང་ལམ་གཙོ་བོར་ཚོད་འཛིན་བྱས་ཡོད་པ་དང་། མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུ་ལྷག་གི་བར་དུ་དཔུང་འཇུག་བྱེད་རྒྱུ་ཡིན་ཟེར། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་སུ་དམག་དཔུང་མངག་ནས་བཙན་འཛུལ་དེར་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན། 

ཐུར་ཁེའི་ཨ་ནཱ་ཏའོ་ལུའུ་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པ་སི་རི་ཡཱའི་རྒྱལ་དམངས་དམག་དཔུང་གིས་ཉིན་དེར་ཐེ་ལེ་ཨེ་པུའུ་ཡེ་ཏི་མཁར་གྲོང་ལྟེ་གནས་བཙན་བཟུང་བྱས་པ་དང་། ཐུར་ཁེའི་དམག་དཔུང་གིས་ད་རུང་ཨ་ལེ་ཕའོ་ནས་ཧཱ་སེ་ཁི་བར་གྱི་གཞུང་ལམ་གྱི་ཁག་ཅིག་ཚོད་འཛིན་བྱས་ཡོད་ལ། ལམ་དེ་ཁུའུ་ཨར་ཏི་དྲག་ཆས་པས་དངོས་རྒྱུན་དང་ཚོང་ལས་བྱ་འགུལ་ཕྱོགས་སུ་བཀོལ་བཞིན་ཡོད་པས་འཐབ་ཇུས་ཀྱི་དོན་སྙིང་ཅུང་ཆེན་པོ་ལྡན་ཟེར། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་གསུམ་ཉིན་དབྱི་སི་ཐན་པོར་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་སྤྱི་ལེ་སུམ་ཅུ་ནས་སོ་ལྔའི་བར་དཔུང་འཇུག་བྱེད་རྒྱུ་ཡིན་པ་དང་། ཧཱ་སེ་ཁི་དང་ཁི་པཱ་ནེ་ཚོད་འཛིན་བྱས་རྗེས་དམག་དོན་འགུལ་སྐྱོད་མཇུག་སྒྲིལ་རྒྱུ་ཡིན་ཟེར། ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེའི་དམག་དཔུང་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་སི་རི་ཡཱའི་སྤྱི་ལེ་བརྒྱ་དང་དགུའི་ས་ཁོངས་ཚོད་འཛིན་བྱས་ཡོད་ཅིང་། དེའི་ནང་ཐེ་ལེ་ཨེ་པུའུ་ཡེ་ཏིའི་ཉེ་འཁོར་གྱི་གྲོང་སྡེ་བཅུ་བདུན་འདུས་ཟེར། 

གཞན་ཡང་སི་རི་ཡཱའི་འཕྲིན་གཏོང་ཁང་གིས་ཚེས་བཅུ་གསུམ་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ཀྱི་ལཱ་ཁཱ་ཞིང་ཆེན་དང་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་གྱི་གྲོང་སྡེ་མང་བོ་བཙན་བཟུང་བྱས་པ་དང་། དེའི་ནང་ཐེ་ལེ་ཨེ་པུའུ་ཡེ་ཏིའི་ས་ཁོངས་ཁག་ཅིག་དང་ཧཱ་སེ་ཁི་ཞིང་ཆེན་གྱི་ལཱ་སི་ཨེ་དབྱིན་གྲོང་ཁྱེར་ཉེ་འཁོར་གྱི་གྲོང་སྡེ་མང་བོ་འདུས། ཐུར་ཁེའི་དམག་དཔུང་གིས་ད་རུང་ཨ་ལེ་ཕའོ་དང་ཧཱ་སེ་ཁི་བར་གྱི་གཞུང་ལམ་གཙོ་བོར་བཀག་སྡོམ་བྱས་ཡོད། མེ་སྒྱོགས་དང་བར་སྣང་འཇབ་རྒོལ་ལས་ས་དེའི་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་བཟོས་ཡོད་ལ། སྡོད་དམངས་མང་བོ་ཕྱི་ཡུལ་དུ་བྲོས་བྱོལ་བྱས་ཡོད། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་ད་རུང་ལཱ་སི་ཨེ་དབྱིན་གྲོང་ཁྱེར་གྱི་རླངས་འཁོར་རུ་ཁག་ཅིག་ལ་བར་སྣང་འཇབ་རྒོལ་བྱས་ཏེ་མི་བཅུ་ཕྲག་འགའ་རྐྱེན་ལམ་དུ་ཤོར་བ་དང་། ཤི་རྨས་ཐེབས་པའི་གྲས་སུ་ཕྱི་རྒྱལ་གྱི་གསར་འགོད་པ་ཡང་འདུས་ཟེར། 

བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཉིན་དེར་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་དམག་དཔུང་མངག་སྟེ། ཧཱ་སེ་ཁི་ཞིང་ཆེན་དང་ལཱ་ཁཱ་ཞིང་ཆེན་གྱི་བྱང་ཕྱོགས་མཐའ་མཚམས་ས་ཁུལ་གྱི་ཐུར་ཁེའི་བཙན་འཛུལ་ལ་རྒོལ་ལན་སྤྲོད་རྩིས་པར་བཤད་ཀྱང་། འགུལ་སྐྱོད་དེའི་གནས་ཚུལ་ཞིབ་རྒྱས་བརྗོད་མེད། 

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པའི་ཆབ་སྲིད་འཐུས་མིའི་ལས་ཁུངས་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཐུར་ཁེའི་དཔུང་འཇུག་ལ་རྒོལ་ལན་སྤྲོད་ཆེད། ཆབ་སྲིད་འཐུས་མིའི་ལས་ཁུངས་དེ་དང་སི་རི་ཡཱའི་དམངས་གཙོའི་དམག་དཔུང་གིས་སི་རི་ཡའི་སྲིད་གཞུང་དམག་དཔུང་བར་གྲོས་མཐུན་བཀོད་དེ། སི་རི་ཡཱའི་སྲིད་གཞུང་དམག་དཔུང་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ས་ཁུལ་དུ་བཅས་སྡོད་བྱས་ནས། སི་རི་ཡཱའི་དམག་གཙོའི་དམག་དཔུང་གིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་། ཐུར་ཁེའི་དམག་དཔུང་དང་དེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་བཙན་བཟུང་བྱས་པའི་ས་ཁུལ་ཕྱིར་འཕྲོག་ལེན་བྱེད་པར་གྲོས་འཆམ་བྱུང་ཡོད་ཟེར། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།