ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་ཡེ་ལུའུ་སཱ་ལེམ་གྱི་ཧྲིན་ཀྲང་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ཕཱ་ལེ་སི་ཐན་ཡེ་ལུའུ་སཱ་ལེམ་གྱི་ཧྲིན་ཀྲང་ཨ་ཏི་ནན-ཀའེ་སི་འཛིན་བཟུང་བྱས་ཟེར། 

བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཨ་ཏི་ནན-ཀའེ་སི་ཡི་ཡེ་ལུའུ་སཱ་ལེམ་ཤར་མའི་ཁྱིམ་དུ་སོང་ནས་ཁོ་འཛིན་བཟུང་བྱས་པ་རེད། དེ་ལས་གཞན་དབྱི་སི་རལ་གྱི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་ད་རུང་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཡེ་ལུའུ་སཱ་ལེམ་གྱི་ཡན་ལག་རུ་ཁག་གི་དྲུང་ཡིག་ཆེན་མོ་ཧྲ་ཏིས-མུའུ་ཐུའུ་ཨར་དང་། ཧྥ་ཐཱ་ཧིའི་ཡེ་ལུའུ་སཱ་ལེམ་གྱི་དབྱེ་སེ་ཝེ་ཡཱ་གྲོང་རྡལ་གྱི་དྲུང་ཡིག་ཆེན་མོ་ཡཱ་ཞེ་ཨར-ཏཱ་ཨར་ཝེ་ཧྲི་འཛིན་བཟུང་བྱས་ཡོད། 

དབྱི་སི་རལ་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་ཨ་ཏི་ནན-ཀའེ་སི་འཛིན་བཟུང་བྱས་པ་བདེན་དཔང་བྱས་ཀྱང་། བྱེ་བྲག་གི་རྒྱུ་རྐྱེན་གསལ་བོར་བརྗོད་མེད། རྒྱུས་ལོན་བྱུང་བ་ལྟས་ན། མི་དེ་གསུམ་གྱིས་སྔོན་ཆད་ཡེ་ལུའུ་སཱ་ལེམ་ཤར་མ་ནས་ཆབ་སྲིད་བྱ་འགུལ་སྤེལ་བས་ཐེངས་མང་བོར་དབྱི་སལ་རལ་ཕྱོགས་ཀྱིས་འཛིན་བཟུང་བྱས་མྱོང་བ་རེད། 

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་གྱི་ཐེངས་འདིའི་འཛིན་བཟུང་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་། ཕཱ་ལེ་སི་ཐན་གྱི་ཡེ་ལུའུ་སཱ་ལེམ་ལས་དོན་པུའུ་ཀྲང་ཧྥ་ཏིས-ཞེ་ཏི་མུས་ཀྱིས་ཚེས་བཅུ་བཞིའི་ཉིན་བཤད་རྒྱུར། དབྱི་རལ་གྱི་ཉེན་རྟོག་ཕྱོགས་ཀྱི་བྱ་སྤྱོད་དེ་ནི་སྔར་ལས་ལྷག་པའི་སྒོ་ནས་ཡེ་ལུའུ་སཱ་ལེམ་ཤར་མ་ཚོད་འཛིན་བྱེད་པའི་ཆེད་དུ་རེད་ཟེར། ཁོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་མངོན་སུམ་འཛེམ་མེད་དུ་འགྲོ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགལ་བའི་བྱ་སྤྱོད་སྤེལ་བར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།