ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཁྲིམས་དོན་པུའུ་ཀྲང་གིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཁྲིམས་དོན་པུའུ་ཀྲང་ཚའོ་གོ་ཡིས་ཚེས་བཅུ་བཞིའི་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དང་། རྒྱལ་དམངས་ལ་དགོངས་དག་ཞུས། དེ་ནི་ཁོས་ལས་འགན་དེ་ཁུར་ནས་ཟླ་ངོ་གཅིག་ལྷག་གི་རྗེས་སུ་དངོས་སུ་ལས་ཁུར་དགོངས་ཞུའི་རེ་འདུན་བཏོན་པ་རེད། 

ཚའོ་གོ་ཡིས་སྔོན་ཆད་ཆིན་ཝ་ཐེ་དམངས་སྲིད་ཀྱི་དབུ་བཞུགས་དྲུང་ཡིག་ཆེན་མོའི་འགན་ཁུར་བ་དང་། ཟླ་སྔོན་མའི་ཚེས་དགུ་ཉིན་ཙུང་ཐུང་ཝུན་ཙེ་ཡུན་གྱིས་དངོས་སུ་ཁོ་རང་ཁྲིམས་དོན་པུའུ་ཀྲང་དུ་བསྐོ་འཇོག་བྱས་པ་ཡིན་ལ། དོན་དེར་རྩོད་གླེང་ཆེན་པོ་བྱུང་། ཁོའི་བུ་མོས་དཔྱད་རྩོམ་རྫུན་བཟོ་བྱས་ཏེ་བྱ་དགའི་སློབ་དངུལ་བླངས་པ་དང་ཁྱིམ་མིས་མ་དངུལ་བཏང་ནས་སྒེར་གྱི་ཐེབས་རྩའི་མ་དངུལ་བསྡུས་པ་སོགས་ཀྱི་དབང་གིས་ཁོར་མི་ཁ་འཁོར་བ་རེད། ཁོས་རྒྱལ་ཚོགས་ཀྱི་ཉན་ཞིབ་ཚོགས་འདུ་སོགས་ནས་དོན་དེར་དག་འབུད་བྱས་ཀྱང་། གླེང་ཕྱོགས་ཀྱི་དོགས་གཞི་ཞི་འཇགས་སུ་གཏོང་མ་ཐུབ་པ་རེད། 

ཚའོ་གོ་ཡིས་ཚེས་བཅུ་བཞིའི་ཉིན་ཁྲིམས་དོན་པུའུ་ནས་གསལ་སྒྲོག་སྒྲོག་འདོན་བྱས་ཏེ། རང་ཉིད་ཀྱི་ཁྱིམ་མིའི་དོན་དག་དབང་གིས་ཙུང་ཐུང་ཝུན་ཙེ་ཡུན་དང་སྲིད་གཞུང་ལ་ཤུགས་རྐྱེན་ངན་པ་བཟོ་མི་རུང་། རང་ཉིད་ཀྱིས་ཁྲིམས་དོན་པུའུ་ཀྲང་གི་ལས་འགན་ཁུར་བའི་དུས་ཡུན་ཐུང་ཡང་། ནམ་རྒྱུན་ཞིབ་དཔྱོད་ལས་ཁུངས་ཀྱི་བཅོས་བསྒྱུར་ཡོངས་འགྲུབ་བྱེད་པར་འབད་པ་ཧུར་ལེན་བྱས་ཡོད། ངས་ཞིབ་དཔྱོད་ལས་ཁུངས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བར་རྨང་འདིང་བའི་ཆེད་ཁོ་ན་ཡིན་ཟེར། 

དེའི་རྗེས་སུ་ཝུན་ཙེ་ཡུན་གྱིས་ཆིན་ཝ་ཐེ་ཡི་དབུ་བཞུགས་དྲུང་ཡིག་ཆེན་མོ་དང་ལས་རོགས་པའི་གྲོས་ཚོགས་ལ་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིབ་དཔྱོད་ལས་ཁུངས་ཀྱི་བཅོས་བསྒྱུར་ནི་སྐབས་འདིའི་སྲིད་གཞུང་གི་རྒྱལ་སྐྱོང་སྲིད་འཛིན་ཁྲོད་ཀྱི་དམིགས་འབེན་ཆེས་གཙོ་བོ་ཞིག་ཡིན་པས། བཅོས་བསྒྱུར་དེ་མུ་མཐུད་དུ་མཐའ་འཁྱོལ་བ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།