ཀྲུང་གོ་བོད་ཀྱི་དྲ་བ།

ཧེ་པེ་སི་ཞེས་པའི་དྲག་རླུང་གི་འཇིགས་པ་ལས་འཇར་པན་དུ་མི་སོ་གསུམ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

འདི་ནི་ཟླ10བའི་ཚེས13ཉིན་པར་བླངས་པའི་འཇར་པན་གྱི་ཁྲང་ཡེ་ཞིན་ཀན་མྱུར་བགྲོད་ལྕགས་ལམ་ལྟེ་གནས་ཀྱི་ཆུས་བསྣུབས་པའི་གཞུང་ལམ་ཞིག་གི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་ཤར་འགྲམ་མཚོ་ཁོངས་ཀྱི་ཧེ་པེ་སི་ཞེས་པའི་དྲག་རླུང་གི་འཇིགས་པ་ལས་དྲག་ཆར་ཆེན་པོ་བབས་ཏེ། འཇར་པན་གྱི་ས་ཁུལ་མང་བོར་ཆུ་ལོག་གི་ནོད་འཚེ་བྱུང་བ་དང་། མི་སོ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་དགུ་གར་སོང་རྙེད་མེད། 

འཇར་པན་ཐུན་མོང་གསར་འགྱུར་ཁང་གིས་ཚེས་བཅུ་གསུམ་ཉིན་བསྡོམས་རྩིས་བྱས་པ་ལྟར་ན། ཧེ་པེ་སི་ཞེས་པའི་དྲག་རླུང་འཇར་པན་དུ་རྒྱུ་སྐབས་གཙང་ལག་མང་བོ་རྒྱས་ཡོད་ཅིང་། མིག་སྔར་ཆུ་བོའི་ཆུ་རགས་ཉེར་བཞིའི་ཁ་ཤོར་ཡོད་པ་དང་། གཞན་ཡང་ཆུ་བོའི་ཆུ་རགས་དོན་བདུན་ཤོར་ཉེན་ཆེ་བའི་སྣང་ཚུལ་ཡོད། དེའི་ནང་ཁྲང་ཡེ་རྫོང་བརྒྱུད་པའི་ཆན་ཆིས་ཆུ་བོའི་རགས་ཁ་ཤོར་ནས། ཁྲང་ཡེ་གྲོང་ཁྱེར་དང་ཆན་ཆིས་གྲོང་ཁྱེར་གྱི་ས་ཁུལ་མང་བོ་ཆུས་བསྣུབས། སྡོད་ཁུལ་ལ་ལའི་ཁང་བ་བརྩེགས་རིམ་གཉིས་པའི་བར་ཆུས་བསྣུབས་ཡོད་པ་རེད། 

འཇར་པན་གྱི་ས་ཁུལ་མང་བོར་ད་རུང་རི་ཉིལ་བའི་དོན་རྐྱེན་བྱུང་། ཆོན་མཱ་རྫོང་གི་སྡོད་ཁུལ་ཞིག་ལ་གཏོར་བརླག་ཐེབས་ཏེ་སྡོད་དམངས་གསུམ་རྐྱེན་ལམ་དུ་ཤོར། ཧྥུའུ་ཏའོ་རྫོང་གི་སྡོད་ཁུལ་ཞིག་གི་ཁང་བ་མང་བོ་འདམ་གསེག་འོག་ཏུ་མནན་པ་དང་། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། གཞན་ཡང་ཏུང་ཅིན་གྲུ་ཁར་སྡོད་པའི་ཕཱ་ནཱ་མཱའི་དངོས་ཟོང་གྲུ་གཟིངས་ཤིག་རྒྱ་མཚོར་ནུབ་སྟེ། ཕྱི་རྒྱལ་གྱི་གྲུ་བ་བཅུ་གཉིས་ལས་མིག་སྔར་མི་དགུ་རྙེད་ཡོད་པ་དང་། དེའི་ནང་མི་ལྔ་རྐྱེན་ལམ་དུ་ཤོར། 

དེ་ལས་གཞན་ཁྲང་ཡེ་དང་ཧྥུའུ་ཏའོ། ཚི་ཁྲིན་སོགས་རྫོང་གི་ཆུ་བོའི་ཟམ་པ་མང་བོ་ཆུས་ཁུར་བ་དང་། བྱང་ཤར་གྱི་རང་འགུལ་འཁོར་ལམ་དང་ཏུང་ཅིན་དང་མེན་ཀུའུ་བོ་བར་གྱི་མྱུར་བགྲོད་གཞུང་ལམ་སོགས་ལམ་ཐིག་བཅུ་བདུན་གྱི་གནས་བཅུ་དགུའི་ལམ་ལ་གཏོར་བརླག་ཐེབས་ཡོད་པར་མ་ཟད། འཇར་པན་གྱི་ས་ཁུལ་མང་བོར་སྔར་བཞིན་གློག་ཆད་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།