ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་འགོ་ཁྲིད་པ་དང་ཕ་ཁི་སི་ཐན་གྱི་ཙུང་ལིས་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མེ་ནེ་དབྱེ་དང་ཙུང་ཐུང་ལུའུ་ཧཱ་ནེ་གཉིས་ཀྱིས་ཚེས་བཅུ་གསུམ་ཉིན་སོ་སོར་འཚམས་འདྲིར་ཡོང་བའི་ཕཱ་ཁི་སི་ཐན་གྱི་ཙུང་ལི་དབྱེ་མུའུ་ལན-ཧན་དང་གྲོས་མོལ་བྱས་ཏེ། ས་ཁུལ་གྱི་གནས་བབ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 

བསྒྲགས་པ་ལྟར་ན། དབྱི་མུའུ་ལན-ཧན་གྱི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཆེད་རེད། ཧཱ་མེ་ནེ་དབྱེ་ཡིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཡེ་མིན་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་ལས་ས་ཁུལ་གྱི་གནས་བབ་ལ་ཤུགས་རྐྱེན་བཟང་བོ་ཐེབས་ཡོད་པ་དང་། དབྱི་ལིང་ལ་གནད་དོན་དེའི་ཐད་འོས་འཚམ་གྱི་ཐག་གཅོད་ཇུས་གཞི་ཡོད་ཟེར། 

ཧཱ་མེ་ནེ་དབྱེ་ཡིས་བསྟན་དོན། ས་ཁུལ་དེའི་རྒྱལ་ཁབ་རེ་འགའ་ཡིས་འཇིགས་སྐུལ་རྩ་འཛུགས་ལ་རྒྱབ་སྐྱོར་བྱས་ཏེ། གཏོར་བརླག་རང་བཞིན་གྱི་ནུས་པ་ཐོན་བཞིན་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། དྱི་ལིང་གིས་ས་ཁུལ་དེའི་རྒྱལ་ཁབ་དག་དགྲ་རུ་འཛིན་པའི་དམིགས་ཡུལ་ཅི་ཡང་མེད་ཀྱང་། ཨ་མེ་རི་ཁས་དབྱི་ལིང་ལ་ལག་བསྟར་བྱས་པའི་དགྲར་འཛིན་སྲིད་ཇུས་དབང་གིས་ས་ཁུལ་དེའི་རྒྱལ་ཁབ་དག་ལ་ཨ་མེ་རི་ཁའི་ཤུགས་རྐྱེན་ཐེབས་ཡོད་ཟེར། 

ལུའུ་ཧཱ་ནེ་ཡིས་ཀྱང་དབྱེ་མུའུ་ལན-ཧན་དང་གྲོས་མོལ་བྱེད་སྐབས་ནན་གྱིས་བསྟན་དོན། ཡེ་མིན་དུ་འཁྲུག་རྩོད་མཚམས་བཞག་པ་ནི་ས་ཁུལ་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བའི་གོམ་རིམ་དང་པོ་ཡིན་པ་དང་། ས་ཁུལ་གྱི་བདེ་འཇགས་ལ་ས་ཁུལ་ནང་ཁུལ་གྱི་རྒྱལ་ཁབ་དག་གིས་འགན་སྲུང་བྱེད་དགོས་ལ། ཕྱི་ཕྱོགས་སྟོབས་ཤུགས་ཟབ་ཞུགས་བྱས་ན་ས་ཁུལ་གྱི་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་ཟེར། 

དབྱི་ལིང་གི་སྣུམ་འདྲུད་གྲུ་གཟིངས་ལ་མཚོ་དམར་ནས་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ཐད་ནས་ལུའུ་ཧཱ་ནེ་ཡིས་བསྟན་དོན། དབྱི་ལིང་གིས་བདེན་དཔང་སྐོར་ཞིག་རྙེད་ཡོད་པ་དང་། རྟོག་ཞིབ་རབ་དང་རིམ་པ་བརྒྱུད་དེ་མཇུག་མཐའི་སྡོམ་ཚིག་འདོན་རྒྱུ་ཡིན་ཟེར། 

དབྱེ་མུའུ་ལན-ཧན་གྱིས་དབྱི་ལིང་གི་མགོ་ཁྲིད་པ་དང་གྲོས་མོལ་བྱེད་སྐབས་བསྟན་དོན། ཕཱ་ཁི་སི་ཐན་གྱིས་ས་ཁུལ་རང་གི་འགལ་བ་རེ་འགའ་སྟེ་དབྱི་ལིང་དང་སོ་ཏི་ཨ་རབ་བར་གྱི་འགལ་བ་སོགས་ཞི་བའི་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་ཐུབ་པར་རེ་བས་ཁེངས་ཡོད་ཟེར། ཕཱ་ཁི་སི་ཐན་གྱིས་གྲོས་མོལ་ལ་སྐུལ་འདེད་གཏོང་བ་དང་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ། ས་ཁུལ་གྱི་གཏན་འཇགས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ནུས་པ་གལ་ཆེན་འདོན་འདོད་ཡོད་ཟེར། ཁོས་ད་རུང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཀྱང་ཕཱ་ཁི་སི་ཐན་གྱིས་ཨ་མེ་རི་ཁ་དང་དབྱི་ལིང་བར་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་རེ་བ་བཏོན་ཡོད་ཟེར། 

བསྒྲགས་པ་ལྟར་ན། དབྱི་མུའུ་ལན-ཧན་གྱིས་ད་རུང་སོ་ཏི་ཨ་རབ་ཏུ་འཚམ་འདྲི་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།