ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་བྱང་ཤར་མཐའ་མཚམས་ས་ཁུལ་གྱི་གྲོང་ཁྱེར་ནས་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ་མི་མང་བོར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་བྱང་ཤར་མཐའ་མཚམས་ཀྱི་ཁཱ་མུས་ཧྲི་ལེ་གྲོང་ཁྱེར་ནས་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར་རླངས་འཁོར་འགས་གཏོར་དོན་རྐྱེན་བྱུང་སྟེ། མི་སེར་དཀྱུས་མ་མང་བོར་ཤི་རྨས་ཐེབས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས། 

བསྒྲགས་པ་ལྟར་ན། འགས་གཏོར་དོན་རྐྱེན་དེ་སི་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་གྱི་ཁཱ་མུས་ཧྲི་ལེ་གྲོང་ཁྱེར་ནུབ་ངོས་ཀྱི་ཧཱ་པུས་པུའུ་མུའུ་ནེ་ཨར་སྲང་ལམ་ནས་བྱུང་བ་དང་། ཟ་ཁང་གི་ཉེ་འདབས་སུ་བཞག་པའི་དངོས་སྐྱེལ་རླངས་འཁོར་ཞིག་ལ་འགས་གཏོར་བྱུང་སྟེ་མི་སེར་དཀྱུས་མ་མང་བོར་ཤི་རྨས་བཟོས་པ་རེད་ཟེར། 

གནས་ཚུལ་དངོས་སུ་མཐོང་མཁན་ཞིག་གིས་བཤད་རྒྱུར། འགས་གཏོར་བྱུང་སའི་སྲང་ལམ་དེར་ཉིན་རྒྱུན་མི་མང་བོར་འགྲོ་འདུག་བྱེད་བཞིན་ཡོད་ཟེར། འཇབ་རྒོལ་དོན་རྐྱེན་བྱུང་རྗེས་རླངས་འཁོར་མང་བོ་མེར་འབར་བ་དང་ཡུལ་དངོས་ནས་དུད་ནག་ལྷོག་ལྷོག་ཏུ་འཕྱུར་བྱུང་ལ། ཉེ་འཁོར་གྱི་ཐོག་ཁང་གཞན་པར་ཡང་གཏོར་བརླག་ཐེབས་ཡོད་ཟེར། 

དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པ་དང་། ཁུའུ་ཨར་ཏི་དྲག་ཆས་པའི་མི་སྣ་བཅུ་ཕྲག་འགའ་འགས་གཏོར་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་ཁཱ་མུའུ་ཧྲི་ལེ་གྲོང་ཁྱེར་དང་དེའི་ཉེ་འཁོར་ས་ཁུལ་དུ་མེ་སྒྱོགས་གཏོང་འཕེན་བྱས་ཡོད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།