ཀྲུང་གོ་བོད་ཀྱི་དྲ་བ།

ཧང་ག་རི་ཡིས་ཡོ་རོབ་གླིང་མནའ་འབྲེལ་དང་ཐུར་ཁེ་ཡིས་གྲོས་མོལ་བྱེད་གོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧང་ག་རིའི་ཕྱི་འབྲེལ་བློན་ཆེན་ཞི་ཡཱ་ཨར་ཐའོ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཡོ་རོབ་གླིང་དུ་སྐོར་ཐེངས་གསར་བའི་ཡུལ་གྱར་བའི་རླབས་རྒྱུན་འབྱུང་བར་སྔོན་འགོག་བྱེད་ཆེད། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེའི་བར་གྲོས་མོལ་བྱེད་དགོས་ཟེར། 

ཞི་ཡཱ་ཨར་ཐའོ་ཡིས་བཤད་རྒྱུར། ང་ཚོས་ཐུར་ཁེའི་བར་འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་མོལ་བྱས་ཏེ། སྐོར་ཐེངས་གསར་བའི་ཡུལ་གྱར་རླབས་རྒྱུན་དེ་ཡོ་རོབ་གླིང་དུ་ཡོང་བར་སྔོན་འགོག་བྱེད་དགོས་ཟེར། ཁོས་མིང་མ་བཏོན་པར་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་རེ་འགས་ཐུར་ཁེ་ཡིས་ཡུལ་གྱར་བར་བཀག་འགོག་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཀྱང་། ཐུར་ཁེའི་ཙུང་ཐུང་ལ་སྐྱོན་བརྗོད་བྱེད་སྐབས་ཁ་ངོ་ཅུང་ཙམ་ཡང་མེད་པར་ཆེས་མི་སྙན་པའི་སྐད་ཆ་འགྲན་བཞིན་བརྗོད་པར་སྐྱོན་འཛུགས་བྱས། 

ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་བཅུ་ཉིན་བཤད་རྒྱུར། གལ་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐུར་ཁེའི་དམག་དོན་འགུལ་སྐྱོད་ནི་སི་རི་ཡཱ་ལ་བཙན་འཛུལ་བྱེད་པའི་བྱ་སྤྱོད་ཅིག་ཡིན་པར་བསམ་ན། ཁོས་ཐུར་ཁེ་རུ་སྡོད་པའི་སི་རི་ཡཱའི་ཡུལ་གྱར་བ་དག་ཡོ་རོབ་གླིང་དུ་ཡོང་བར་ཆོག་མཆན་སྟེར་ངེས་ཡིན་ཟེར། 

ཞི་ཡཱ་ཨར་ཐའོ་ཡིས་བཤད་རྒྱུར། ཧང་ག་རིའི་ལྷོ་ཕྱོགས་དང་སེར་ཝེ་ཡཱའི་མཐའ་མཚམས་ས་ཁུལ་ནི་ཡུལ་གྱར་བ་དག་པཱ་ཨར་ཀན་རྒྱུ་ལམ་ནས་ཡོ་རོབ་གླིང་མནའ་འབྲེལ་དུ་བགྲོད་སའི་འགག་སྒོ་ཐོག་མ་ཡིན་ལ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཡུལ་གྱར་བའི་རླབས་རྒྱུན་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་དགོས་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མ་དངུལ་བཏང་ནས་ཐུར་ཁེའི་བདེ་འཇགས་ས་ཁུལ་གྱི་འཆར་གཞིར་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་ཀྱང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་འཆར་གཞི་དེར་མ་དངུལ་གྱི་རྒྱབ་སྐྱོར་ཅི་ཡང་བྱེད་མི་སྲིད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།