ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་མུ་མཐུད་དུ་སོ་ཏི་ཨ་རབ་ཏུ་དམག་མི་ཁ་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-10-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་མུ་མཐུད་དུ་སོ་ཏི་ཨ་རབ་ཏུ་དམག་ཤུགས་དང་དམག་དོན་སྒྲིག་ཆས་ཁ་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས། 

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་རེ་བ་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡིས་སོ་ཏི་ཨ་རབ་ཏུ་ཨ་མེ་རི་ཁའི་དམག་མི་དང་སྒྲིག་ཆས་ཁ་སྣོན་བྱེད་པར་ཆོག་མཆན་བཀོད་པ་དང་། འཐབ་འཛིང་གནམ་གྲུའི་རུ་འབྲིང་གཉིས་དང་མཁའ་དམག་གི་རྒྱང་སྐྱོད་མཉམ་འབྲེལ་རུ་ཁག་གཅིག རྒྱལ་གཅེས་མཁན་གྱི་འགོག་སྲུང་མ་ལག་ཆ་ཚང་གཉིས། སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་ཆ་ཚང་གཅིག་བཅས་འདུས་ཟེར། 

གསལ་སྒྲོག་ལས་ཐེངས་འདིར་དམག་མི་ཁ་སྣོན་བྱེད་པའི་ཁ་གྲངས་གསལ་བོར་བརྗོད་མེད། ཨ་མེ་རི་ཁའི་སྨྱན་བྱད་མང་བོས་བསྒྲགས་པ་ལྟར་ན། ཐེངས་འདིའི་དམག་མི་སྟོང་གཅིག་དང་བརྒྱད་བརྒྱ་ཁ་སྣོན་བྱེད་རྒྱུ་རེད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ད་ལོའི་ཟླ་ལྔ་བའི་ཚུན་ལ་ཨ་མེ་རི་ཁའི་ཀྲུང་དབྱང་དམག་སྤྱི་ཁང་གི་དོ་དམ་ས་ཁོངས་སུ་དམག་མི་ཁྲི་གཅིག་དང་སྟོང་བཞི་ཙམ་ཁ་སྣོན་བྱས་ཡོད་ཟེར། གསལ་སྒྲོག་ལས་བཤད་རྒྱུར། ཨ་མེ་རི་ཁས་དབྱི་ལིང་བར་འཁྲུག་རྩོད་འབྱུང་བའི་རེ་བ་མེད་ཀྱང་། དབུས་ཤར་ས་ཁུལ་གྱི་དམག་ཤུགས་སྟོབས་ལྡན་སྲུང་འཛིན་བྱས་ཏེ་ཉམས་ཉེན་གང་རུང་ཐག་གཅོད་བྱས་ནས་ཨ་མེ་རི་ཁའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།