ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱ་ཡིས་ཐུར་ཁེའི་དམག་དོན་འགུལ་སྐྱོད་ཁྲོད་མི་སེར་དཀྱུས་མར་ཤི་རྨས་བཟོས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : ཞིན་ཧྭ་གསར་འགྱུར་དྲ་བ།     སྤེལ་དུས། : 2019-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་ཉིན་ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་རྒོལ་གཏམ་བཏང་བ་དང་། སི་རི་ཡཱ་ཡིས་ཁྲིམས་མཐུན་གྱི་བྱེད་ཐབས་གང་རུང་སྤྱད་དེ་རྒོལ་ལན་སྤྲོད་རྒྱུའི་ཚུལ་བསྟན། 

སི་རི་ཡཱའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། སི་རི་ཡཱའི་སྲིད་གཞུང་དང་དམག་དཔུང་གིས་ད་གཟོད་སི་རི་ཡཱའི་མི་དམངས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཁུར་དུ་ལེན་ཐུབ་པ་དང་། སི་རི་ཡཱ་ཡིས་ཁྲིམས་མཐུན་གྱི་བྱེད་ཐབས་གང་རུང་སྤྱད་དེ་རང་གི་རྒྱལ་ཁོངས་ནས་ཐུར་ཁེའི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར། 

སི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་ཕྱོགས་ཀྱིས་ཚེས་བཅུ་ཉིན་མུ་མཐུད་དུ་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཧཱ་སེ་ཁི་ཞིང་ཆེན་དང་ལཱ་ཁཱ་ཞིང་ཆེན་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དང་། ཆམ་ཕབ་གཏོང་སའི་དམིགས་འབེན་ལ་ཆུའི་བཟོ་གྲྭ་དང་། ཆུ་གློག་ས་ཚིགས། རྡོ་སྣུམ་སྒྲིག་ཆས་སོགས་འདུས། བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་གིས་ཉིན་དེར་ཧཱ་སེ་ཁི་ཞིང་ཆེན་གྱི་ལཱ་སི་ཨེ་ཡུན་གྲོང་ཁྱེར་དང་དེའི་ཉེ་འདབས་ཀྱི་སྡེ་བར་མེ་སྒྱོགས་གཏོང་འཕེན་བྱས་པ་དང་བར་སྣང་འཇབ་རྒོལ་བྱས་པ་ལས་མི་སེར་དཀྱུས་མ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་དགུར་རྨས་ཕོག་ཡོད། དེ་ལས་གཞན་སི་རི་ཡཱ་དང་ཐུར་ཁེའི་མཐའ་མཚམས་ཀྱི་སི་རི་ཡཱའི་རྡོ་སྣུམ་སྒྲིག་ཆས་ཤིག་ལ་འཇབ་རྒོལ་ཐེབས་ནས་མེ་སྐྱོན་བྱུང་ཡོད་ཟེར། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།