ཀྲུང་གོ་བོད་ཀྱི་དྲ་བ།

མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ཁཱ་སཱ་པུའུ་ལན་ཁར་འོས་འགན་སྨན་བཅོས་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་མོ་རོ་ཁོའི་གྲོང་ཁྱེར་ཆེ་ཤོས་ཁཱ་སཱ་པུའུ་ལན་ཁར་གཅེས་སེམས་མཚོན་པའི་འོས་འགན་སྨན་བཅོས་བྱས་པ་རེད། འདི་ནི་2015ལོ་ཚུན་སྨན་བཅོས་རུ་ཁག་གིས་གཉེར་བའི་འོས་འགན་སྨན་བཅོས་བྱེད་ཐེངས5པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་རུས་ནད་ཚན་ཁག་དང་། བྱིས་པའི་ཚན་ཁག འཇུ་བྱེད་ཚན་ཁག བུད་མེད་ཚན་ཁག ཕྱི་བཅོས་ཚན་ཁག མིག་ནད་ཚན་ཁག དབང་པོ་ལྔའི་ཚན་ཁག གསང་རྒྱུད་ཟགས་གཤེར་ཚན་ཁག་བཅས་ཀྱི་སྨན་པ་12བཏང་ནས་ས་ཆ་དངོས་སུ་འོས་འགན་སྨན་བཅོས་བྱས་ཏེ། མོ་རོ་ཁོར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་100ལྷག་ཙམ་གྱི་གཟུགས་པོར་བརྟག་དཔྱད་བྱས་པ་དང་གཟུགས་གཞི་བདེ་མིན་བློ་འདྲི་དང་ལེན་བྱས་པ་རེད། གཞན་ཡང་སྨན་བཅོས་རུ་ཁག་གིས་འོས་འགན་སྨན་བཅོས་བྱ་ཡུལ་དུ“བཟའ་བཏུང་དང་འཇུ་བྱེད་བརྒྱུད་རིམ་གྱི་ནད་གཞི”བརྗོད་དོན་གཙོ་བོར་བྱས་པའི་འཆད་ཁྲིད་བྱས་པ་རེད།
     འོས་འགན་སྨན་བཅོས་བྱེད་སྒོར་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་དགའ་བསུ་ཐོབ་ཅིང་། མི་མང་པོས་ཕྱི་རྒྱལ་དུ་སྨན་པ་སྟེན་སྐབས་གོ་བརྡ་མི་འཕྲོད་པའི་གནས་ཚུལ་འཕྲད་སྲིད། ཀྲུང་གོའི་སྨན་པ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྐད་ཆ་ཤོད་སྐབས་བློ་ཧ་ཅང་བདེ་པོ་འདུག་ཅེས་བཤད་བྱུང་།
     མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྤྱི་ཁྱབ་རུ་དཔོན་ཞུས་ཡན་ལིང་གིས། མོ་རོ་ཁོར་རོགས་སྐྱོར་སྨན་བཅོས་རུ་ཁག་གིས་ལོ་གཅིག་དུས་གཅིག་གི་འོས་འགན་སྨན་བཅོས་བྱེད་སྒོ་བརྒྱུད་མོ་རོ་ཁོའི་སྤུན་ཟླའི་འཕྲོད་བསྟེན་བདེ་སྲུང་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲེལ། ཁོ་ཚོར་སྨན་པ་སྟེན་པ་དང་ནད་བརྟག་པར་སྟབས་བདེ་སྐྲུན་ཐུབ་པའི་རེ་བ་ཡོད་ཅེས་བཤད།
     ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་དེ་མོ་རོ་ཁོར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་དང་། མོ་རོ་ཁོའི་ཕྱི་ཁོངས་ཀྲུང་གོ་བའི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མོ་རོ་ཁོའི་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་སྤེལ་ཚོགས་པ་བཅས་ཀྱིས་ཐུན་མོང་ཐོག་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།